སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

བོད་ཀྱི་བུད་མེད་སྒྲུང་བ་གཡུ་སྨན་ངོ་སྤྲོད་བསྡུས་པ།

བོད་ཀྱི་བུད་མེད་སྒྲུང་བ་གཡུ་སྨན་ངོ་སྤྲོད་བསྡུས་པ།༽

བོད་ཀྱི་བུད་མེད་གླིང་སྒྲུང་བ་གྲགས་ཅན་གཡུ་སྨན་ནི་བོད་རབ་བྱུང་༡༦པའི་མེ་བྱ་སྟེ།སྤྱི་ལོ༡༩༥༧ལོར་བོད་ལྗོངས་ནག་ཆུ་སོག་རྫོང་གི་འབྲོག་མི་རླུང་རྟ་ཚང་གི་བུ་མོར་སྐྱེས།ཁོ་མོའི་ཕ་ཡབ་རླུང་རྟ་ནི་ས་ཁུལ་དེའི་གླིང་སྒྲུང་གྱེར་མཁན་གྲགས་ཅན་ཞིག་ཡིན་པའི་ཆ་ནས་བུ་མོ་གཡུ་སྨན་ལོ་ན་ཤིན་ཏུ་ཕྲ་བའི་དུས་ནས་སྤྱིར་དད་པ་དང་སྙིང་རྗེ་ལྡན་ཞིང་།ལས་འབྲས་བརྩི་བར་མོས་པ།ཁྱད་པར་གླིང་རྗེ་གེ་སར་རྒྱལ་བློན་ལ་དགའ་དད་མོས་གསུམ་གྱི་བག་ཆགས་ངེས་ཅན་ཐེབ་པ་ཞིག་ཆགས་ཡོད་ལ།ལྷག་པར་བུ་མོ་གཡུ་སྨན་རང་ལོ༡༦གི་སྟེང་།ཁོ་མོ་རི་སྒང་ལ་ཕྱུག་རྫིར་སོང་སྟེ་སྤང་ཁུག་ཅིག་ཏུ་གཉིད་ཡོད་པའི་དུས་རྨི་ལམ་ཉམས་ཀྱི་སྣང་ཆར་ས་ཕྱོགས་དེར།མཚོ་དཀར་དང་མཚོ་ནག་ཅེས་པའི་མཚོ་གཉིས་ཡོད་པའི་མཚོ་ནག་གི་མཚོ་ནང་ནས་འཇིགས་སུ་རུང་བའི་བདུད་མོ་ཞིག་གློ་བུར་དུ་ཐོན་ཏེ།ཁོ་མོར་རང་དབང་མེད་པར་བཟུང་ནས་མཚོ་ནང་དུ་དྲུད་སྐབས།མཚོ་དཀར་གྱི་ནང་ནས་བུ་མོ་དཀར་མོ་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པ་ཞིག་སྐད་ཅིག་ཉིད་ལ་ཐོན་ནས་བདུད་ཀྱི་བུ་མོ་ལ་བཀའ་བསྒོས་པ།བུ་མོ་འདི་གླིང་གེ་སར་སྐྱེས་བུའི་རྣམ་ཐར་སྒང་བ་བོད་ལ་སྒྲོག་པའི་འཕྲིན་ལས་ཀྱི་བྱེད་པོ་ཞིག་ཡིན་པས།འདི་ལ་བར་ཆད་གཏོང་མི་ཆོག་པའི་སྐོར་གསུངས་པ་ན།བདུད་མོ་དེ་དངངས་སྐྲག་ངང་ཁོ་མོ་བསྐྱུར་ནས་མཚོ་ནག་ནང་བྲོས་སོང་བ་དང་ལྷན།ལྷ་མོ་དཀར་མོ་དེའི་མཁྲིས་ནས་མི་དཀར་དུང་མདོག་ཅིག་བྱུང་སྟེ་ཁོ་མོ་ལ།རིན་པོ་ཆེའི་ནོར་སྣ་མང་པོ་ཞིག་གནང་ཞིང་ཁྱོད་ནི་གླིང་གི་མི་ཡིན་པས་ཕྱིར་སོང་གསུངས་སྣང་ཤར།ཡང་རྨི་ལམ་མ་སད་པར་མི་འབྲེལ་དུ་མཚོ་དཀར་གྱི་ནང་ནས་བྱ་ཐང་དཀར་ཞིག་འཕུར་འོང་ནས་ཁོ་མོ་དུར་ཁྲོད་ཅིག་ཏུ་ཁུར་ནས་ལས་ཀྱི་ཤ་བཅད་དེ་ལྷ་ལ་ཚོགས་མཆོད་དུ་ཕུལ་ཚེ།ཁོ་མོའི་ལུས་ལ་ན་ཚ་ཟུག་ཟེར་ཆེར་བྱུང་བའི་ཉམས་ཀྱིས་གཉིད་སད།དེ་ནས་ཁོ་མོར་ཕྱིར་ཁྱིམ་དུ་ལོག་སྐབས་ལུས་ལ་མི་བདེ་བ་ཆེན་པོ་བྱུང་སྟེ་རིག་པ་ཁྲལ་ཁྲོལ་དུ་གྱུར།མཚམས་རེར་ཉམས་ལ་གླིང་གེ་སར་རྒྱལ་བློན་ཚོ་དང་ལབ་གླེང་བྱེད་པའི་བཟོ་ལྟ་འདོན་དགོས་བྱུང་བ་དང།སྐབས་རེར་སྔར་ཀྱི་མཚོ་དཀར་ལས་མཇལ་བའི་ལྷ་མོ་དེ་དང་འགྲོགས་པའི་སྣང་བ་སོགས་ངེས་གཏན་མེད་པ་ཅིག་ཆགས་ཚེ།ཕ་རླུང་རྟའི་བློ་མ་བདེ་བར་རབ་བརྟན་དགོན་དུ་བྱིན་ནས་སྐུ་རིམ་ཞུ་བ་སོགས་མཛད་པ་ན།ཡུན་མ་འགྱངས་པར་བུ་མོ་གཡུ་སྨན་གྱི་ལུས་ཁམས་བདེ་ཐང་བྱུང་བར་མ་ཟད།སྔོན་སྨོན་གྱི་ལས་འགྲོ་སད་དེ་ངག་ནས་གླིང་སྒྲུང་ཟད་མཐའ་མེད་པ་ཞིག་གང་ཤར་ཐང་ལྷོད་མེད་པར་བཤད་ཤེས་པའི་རིག་ཀློང་བརྡོལ།ས་ཆ་དེའི་བཤད་སྲོལ་ལ་གླིང་གི་མཁའ་འགྲོ་ནེའུ་ཆུང་ལུ་གུའི་ཚར་ཡག་མས་ཁོ་མོ་ལ་སྡོང་གྲོགས་མཛད་ནས་བདུད་ཀྱི་བར་ཆད་བསལ་བ་དང་།བྱིན་གྱིས་རླབས་ནས་བློ་གཏེར་གྱི་སྒོ་ཕྱེས་པ་རེད་ཟེར།གང་ལྟར་དུས་དེ་ནས་བཟུང་ཡི་གེ་མི་ཤེས་ཤིང་སློབ་སྦྱོང་མ་མྱོང་བའི་འབྲོག་པའི་བུ་མོ་གཡུ་སྨན།གླིང་སྒྲུང་ཟད་མཐའ་མེད་པ་ཞིག་གོ་རིམ་མ་ནོར་བར་གསལ་དག་གསོན་ཉམས་བཅས་གྱེར་བཤད་ཐུབ་པའི་སྒྲུང་ཆེན་མ་ཞིག་ཏུ་གྱུར་པ་དང་།༡༩༨༡ལོ་དང་༡༩༨༣ལོ་ནས་བཟུང་ཁོ་མོའི་སྒྲུང་བཤད་ཀྱི་གྲགས་པ།ཕ་ཡུལ་སོག་རྫོང་ནས་བརྒལ་ཏེ་དབུས་ལྷ་ལྡན་ནོར་བུ་གླིང་ཁའི་ཁོར་ཡུག་ནས་ཕྱོགས་ཀུན་ཏུ་གྲགས།དེ་ནས་བཟུང་ཁོ་མོས་ལག་ཏུ་ཕྲེང་བ་བསྣམས་ཤིང་།སྤྱན་ཟུང་བཙུམས་ནས་གླིང་དཔའ་བོའི་རྣམ་སྒྲུང་ཆུ་བཞུར་བ་ལྟར་བཤད་པར་རྒྱུན་ཆད་མེད་པ་བྱུང་།དེ་ཡང་ཞིབ་འཇུག་པ་ཚོས་བཤད་པ་ལྟར་ན་ཁོང་གིས་ཐུགས་ཐོག་ནས༼ལྷ་གླིང་གབ་ཙེ་དགུ་སྐོར༽ནས་༼འཛམ་གླིང་བྱང་འདུལ༽ཞེས་པའི་བར་རྫོང་ཆེན་བཅོ་བརྒྱད་དང་།རྫོང་ཆུང་ཞེ་བརྒྱད་བཤད་ཐུབ་འདུག་ཟེར་ལ།ཁོང་གིས་བཤད་པའི་སྒྲུང་སྐོར་དུ་སྔར་མ་གྲགས་པའི་སྒྲུང་སྣ། གཉན་གླིང་གཡུལ་འགྱེད།ཆགས་གླིང་། རོང་གླིང་། སྒ་སྡེའི་ཁྱུང་རྫོང་། མཐིང་གི་ལྕགས་རྫོང་།མཐའ་གླིང་གཡུལ་འགྱེད། ཕྱི་གླིང་གཡུལ་འགྱེད་ཟེར་བ་སོགས་ཡོད་པར་གྲགས་ཤིང་།སྤྱི་ལོ་༡༩༨༧ལོ་དང་༡༩༩༧ལོར་ཀྲུང་དབྱང་རིག་གནས་པུའུ་དང་། སྤྱི་ཚོགས་ཚན་རིག་ཁང་།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྣམས་ཀྱིས་སྔ་རྗེས་སུ་ཕུལ་བྱུང་སྒྲུང་བའི་མཚན་ཐོབ་གནང་བ་སོགས་བསྟོད་བསྔགས་རབ་དང་རིམ་པ་ཐོབ་པར་མ་ཟད།ཁོང་གིས་བཤད་པའི་སྒྲུང་ཁག་བཅུ་ལྷག་སྒྲ་ཕབ་ཅིང་དག་སྒྲིག་གི་ལས་ཀ་མཛད་མུས་ཡིན་པར་ཐོས།མདོར་ན་སྒྲུང་བ་གཡུ་སྨན་ནི་བོད་གྱི་ལོ་རྒྱུས་སྟེང་གི་བུད་མེད་སྒྲུང་བ་མིང་གྲགས་ཅན་གྱི་གྲས་ཡིན་པར་མ་ཟད།དཔའ་བོ་གླིང་གི་རྣམ་ཐར་བསྟོད་སྒྲུང་བཤད་པར་སྔོན་སྨོན་ལས་འཕྲོ་ཅན་དང་ཁྱད་ཆོས་འབུར་ཐོན་ཅན་གྱི་གྲས་ཤིག་གོ།

ཞེས་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་བྱང་ནག་ཆུ་ཁ་ནས་ཡིན་ཟེར་བའི་མི་རྒན་ཆོས་གྲགས་ཀྱིས་བཤད་པར་གཞི་བཅོལ་ཏེ་དཔྱད་གཞིར་བྲིས་སོ།

 

 

ཀློག་གྲངས།:[3957]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com