
འདིར་ཕྲན་གྱི་གླིང་དཔའ་བརྟུལ་ངོ་སྤྲོད་ཀྱི་གླུ་དབྱིངས་ཕྱུག་མཁའ་འགྲོའི་ཞལ་ལུང་གི་ནང་དོན་ལ་གཞི་བཅོལ་ཏེ།བོད་ཀྱི་ལྷ་རིས་པ་གྲགས་ཅན་དང་གླིང་གེ་སར་རི་མོའི་ཆེད་མཁས་པ་ལེགས་སྨོན་དགེ་སློབ་ཀྱིས་བྲིས་བཞེངས་མཛད་པའི་གླིང་གེ་སར་བརྒྱ་ཐང་འཛམ་གླིང་མིག་གི་དགའ་སྟོན་གྱི་ནང་ཚན།ལྕགས་ནག་དཔོན་པོ་སིང་སིང་སོགས་དཔའ་བརྟུལ་རེ་འགའི་ཞལ་ཐང་<<གངས་ལྗོངས་ཉི་གཞོན་>>དེབ་ཏུ་བཀོད་འདུག་ལ། དེའི་ནང་གསེས་གླིང་གི་ལྷ་རྗེ་ཀུན་དགའ་ཉི་མའི་ཞལ་ཐང་འདི། གླིང་དཔའ་ཆེན་བརྒྱད་ཅུའི་ངོ་སྤྲོད་དབང་དྲག་གློག་གི་ཞགས་པ་ལས།༼༢༣༽ སྨན་རྟ་རླུང་གཤོག་བདེ་མྱུར་བང་གི་བདག།བྱམས་པར་མངའ་འབྱོར་གྲུབ་ཆེན་མར་མེ་ལྷ། །ལྷ་རྗེའི་ཚུལ་བཟུང་ཀུན་དགའ་ཉི་མ་ཞེས། །མི་འཇིགས་སྲོག་གི་སྦྱིན་པ་གཏོང་ལ་དབང་། ། ཞེས་པ་ལྟར་རོ།།
ཞལ་ཐང་འདི་དེབ་ཏུ་འཁོད་ཡོད་པ་གསར་མཐོང་དང་། རང་གིས་གཡུ་རྩེའི་སྨན་རྫོང་ཞུ་དག་ཐེངས་རྗེས་མ་ཚར་བ་གཉིས་དུས་འཕྲོད་པ་ནི།ལེགས་ལྟས་ཀྱི་སྣང་ཆ་ཞིག་ཏུ་མཐོང་སྟེ། ཅུང་ཙམ་སྤྲོ་བོ་དང་བཅས་འདིའི་ལེགས་བྱས་ལ་བརྟེན་ནས་བྱེད་པོ་རང་རེ་ལ་འབྲེལ་དང་མ་འབྲེལ་བའི་ཡངས་པའི་ས་ཆེན་ན་གནས་པའི་སྐྱེ་འགྲོ་དབུགས་ཀྱིས་རྒྱུ་ཚད་ལ་དུས་མིན་ནད་གདོན་མཚོན་གསུམ་གྱི་ཉེན་ཁ་ཇེ་ཡང་དུ་འགྲོ་བའི་རྒྱུར་གྱུར་ཅིག་ཅེས་རྣམ་དག་སེམས་ཀྱི་སྨོན་ལམ་ཞིག་ཀྱང་བཏབ་པ་ཡིན་ནོ།།
ཞེས་སྨིན་དབུས་ཨ་དཀར་པོས་ཕུལ།