སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གི་བསང་འབོད་རྟེན་འབྲེལ་དཀར་པོ།

 

གླིང་གི་བསང་འབོད་རྟེན་འབྲེལ་དཀར་པོ།

ཨོ།མཆོད་རཾ་ཡཾ་ཁཾ།ཨོཾ་ཨཱཿཧཱུཾ།མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུད་བརྒྱད།དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ།མཆོད་དང་པོ།རྩ་བརྒྱུད་བླ་མའི་གཙོ་བོ།ཡིད་དམ་རྒྱུད་སྡེའི་སྤྱི་དཔལ།དངོས་གྲུབ་གཉིས་ཀྱི་རྩ་བ།དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོད།འཕགས་མཆོག་ཐུགས་རྗེ་ཆེན་པོ་མཆོད།རྒྱལ་ཡུམ་ཨརྱ་ཏཱ་རེ་མཆོད།ཡི་དམ་སྒྲུབ་པ་བཀའ་བརྒྱད་མཆོད། མཁའ་འགྲོ་ཕག་ཁྲོས་སེང་གསུམ་མཆོད།ཆོས་སྐྱོང་མ་གཟའ་དམ་གསུམ་མཆོད།ཞི་བ་བཞི་བཅུ་རྩ་གཉིས་མཆོད།འབར་བ་ཁྲག་འཐུང་ལྔ་བཅུ་མཆོད།དག་པ་རིག་འཛིན་གྱི་ལྷ་ཚོགས་མཆོད།སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད།ཉན་རང་དགྲ་བཅོམ་ཐམས་ཅད་མཆོད།བཀའ་སྲུང་དམ་ཅན་རྒྱ་མཚོ་མཆོད།ཨོ།ཁྱད་པར་དུ་འཛམ་གླིང་ཡོངས་ཀྱི་དགྲ་ལྷ།རིག་གསུམ་མགོན་པོའི་སྤྲུལ་བ།པདྨ་ཀ་རའི་ཐུགས་སྲས།ལྷ་ཀླུ་གཉན་གྱི་བླ་རྡོ།དགྲ་བླ་ཝེར་མའི་གཙོ་བོ།གུང་སྨན་རྒྱལ་མོའི་ཚ་བོ།སྨུག་པོ་ལྡོང་གི་བུ་རྒྱུད།མདོ་ཁམས་གླིང་གི་རྒྱལ་པོ།འཇའ་ལུས་གྲུབ་པའི་རིག་འཛིན། ཕྱོགས་བཞི་དགྲ་བཞིའི་ཁ་གནོན།བདུད་སྲིན་དམ་སྲིའི་གཤེད་མ།སྡེ་བརྒྱད་གདུག་པའི་སྲོག་བདག གླིང་གེ་སར་ནོར་བུ་དགྲ་འདུལ།རྒྱ་བོད་ཀྱི་ནོར་བདག་ཆེན་པོ།མདོ་སྔགས་ཀྱི་བཀའ་སྲུང་གཉན་པོ། སྟག་ཤ་རའི་དགྲ་བླ་བཙན་པོ། སྨན་བུ་མོའི་ཟས་ལྷ་ཆེན་པོ།དཔའ་བརྟུལ་ཡོངས་ཀྱི་འཁོར་རྟེན།དྭངས་སྨན་ཡོངས་ཀྱི་ཐུགས་འཛིན།སྐྱེ་འགྲོ་ཡོངས་ཀྱི་སྐྱབས་མགོན།གངས་ཅན་བོད་ཀྱི་དཔའ་བོ།དགྲ་འདུལ་དམག་གི་རྒྱལ་པོ།འདས་པའི་དུས་ཀྱི་དམག་དཔོན།ད་ལྟའི་དུས་ཀྱི་དཔལ་མགོན།མ་འོངས་རིག་ལྡན་དམག་དཔོན།རྡོ་རྗེ་ཚེ་ཡི་རྒྱལ་པོ།ལྷ་ཡི་ཡབ་ཆེན་གེར་མཛོ་གཉན་པོ།མི་ཡི་ཡབ་ཆེན་སེང་བློན་རྒྱལ་པོ།མ་ཡུམ་འགག་བཟའ་ལྷ་མོ།ཕ་གཅིག་པའི་ཕུ་བོ་འབུམ་པ་ཞལ་དཀར།མ་གཅིག་པའི་ཕུ་བོ་དུང་ཁྱུང་དཀར་པོ།རུས་གཅིག་པའི་ནུ་བོ་རོང་ཚ་དམར་ལེབ།རྒྱུད་གཅིག་པའི་ནུ་བོ་ཀླུ་སྦྲུལ་འོད་ཆུང་།སྲིང་ལུང་ཐ་ལེ་འོད་དཀར།ཁུ་བོ་སྤྱི་དཔོན་རྒྱལ་པོ།རྒྱལ་ཡུམ་སེང་ལྕམ་འབྲུག་མོ།གསང་ཡུམ་ནེའུ་ཆུང་ལྷ་མོ།དགྱེས་ཡུམ་མགར་བཟའ་ཆོས་སྒྲོན།དྲག་ཡུམ་ཨ་སྟག་ཀླུ་མོ།ཚེ་རབས་ལས་ཀྱི་ལྷ་རྟ།འདོ་རྗེ་རྐྱང་རྒོད་འཕེལ་བོ།སྨུག་པོ་ལྡོང་གི་བློན་རབས།ཚ་ཞང་འདན་མ་སྤྱང་ཁྲ།སྒ་བདེའི་ཆོས་སྐྱོང་བེར་ནགདཔའ་ལྷ་སེང་སྟག་ཨ་དོམ།ཡང་བརྟུལ་དམ་པའི་མི་བདུན།ནང་བློན་ཕུ་ནུ་སུམ་ཅུ།ཁྲི་དཔོན་ཐོབ་ཀྱི་བདག་པོ།གསེར་བའི་ཉི་འབུམ་དར་ཡག འོམ་བུའི་ཨ་ནུ་དཔའ་སེང་།མུ་སྤྱང་རིན་ཆེན་དར་ལུ།འབུམ་པའི་དགྲ་བླ་རྩེ་རྒྱལ།འདན་སྲས་གཡུ་འོད་འབུམ་མེ།འཇང་སྲས་གཡུ་ཁྲི་གུང་སྔོན།ཕྱི་ནང་དཔའ་བརྟུལ་བརྒྱད་ཅུ།ཡང་ཐུལ་སྟོང་དང་དགུ་བརྒྱ།ལས་དམག་འབུམ་ཚོ་བརྒྱད་ཅུ།ལྷ་ཆེན་ཚངས་པ་དཀར་པོ།གཉན་ཆེན་ཟུར་ཕུད་ལྔ་བ།ཀླུ་རྒྱལ་གཙུག་ན་རིན་ཆེན།དགྲ་བླའི་གཉན་སྟག་དམར་པོ།ནེ་ནེ་གནམ་སྨན་དཀར་མོ།དགྲ་བླ་དགུ་ཁྲི་དགུ་འབུམ།ཝེར་མ་བྱེ་བ་ས་ཡ།ལྕགས་ཀྱི་ཕོ་རོག་ནག་པོ།ཆོས་སྐྱོང་འཁོར་བའི་དགྲ་བླ།གསེར་གྱི་འུག་པ་སེར་བོ།མུན་པ་སེལ་བའི་དགྲ་བླ།ཤ་ཟན་ཐང་དཀར་རྒོད་པོ།ནམ་འཕང་ཆོད་པའི་དགྲ་བླ།ལྕགས་ཀྱི་བྱ་ཁྲ་ཧོར་བ།བློ་གྲོས་རྒྱས་པའི་དགྲ་བླ།རྩལ་ཆེན་སེང་གེ་དཀར་མོ།གཞན་མགོ་ནོན་པའི་དགྲ་བླ།ཁྲག་འཐུང་རྒྱ་སྟག་དམར་པོ།དགྲ་སྙིང་ཟ་བའི་དགྲ་བླ།འདུར་གྲོགས་སྤྱང་ཐུང་སྔོན་མོ།ཟ་ཁ་དར་བའི་དགྲ་བླ།འཁྱིལ་གྲོགས་གསེར་སྦྲུལ་སེར་པོ།ཞེ་སྡང་ཅན་གྱི་དགྲ་བླ། འཕགས་རོགས་གླ་བ་སྨུག་ཆུང་།བདུད་རྩི་སྨན་གྱི་དགྲ་བླ།གབ་རོགས་རི་བོང་དཀར་ལུ།རྣ་མཆོག་ཅན་གྱི་དགྲ་བླ།རྔམ་བརྗིད་དྲེད་མོང་སོག་དཀར།ཁྲོ་གཏུམ་ཅན་གྱི་དགྲ་བླ།རྒྱུག་རོགས་རྐྱང་ཆུང་ཁ་དཀར།མྱུར་མགྱོགས་ཅན་གྱི་དགྲ་བླ།འཁྱུགས་རོགས་ཉ་ཆུང་གསེར་ཤོགཆབ་སྲིད་མཚོ་ལྟར་རྒྱས་པའི་དགྲ་བླ།དགྲ་བླ་བྱེ་བ་ས་ཡ།དཔལ་མགོན་བདུན་ཅུ་རྩ་ལྔ།ལྷ་སྨན་ཚེ་རིང་མཆེད་ལྔ།བོད་སྐྱོང་བསྟན་མ་བཅུ་གཉིས།འགོ་བའི་ལྷ་སྲུང་གཉན་པོ།ཤར་གྱི་རྨ་རྒྱལ་སྤོམ་ར།བྱང་གི་གཉན་ཆེན་ཐང་ལྷ།སྒ་སྟོད་ཇོ་བོ་ཞལ་དཀར།མི་ཉག་བཞག་བྲ་ལྷ་རྩེ།གནས་ཆེན་རྒྱལ་མོའི་དམུ་རྡོ།མདོ་ཁམས་རྡོ་རྗེ་གཡུ་ཁྲོམ།གསེར་སྟོད་མགོན་པོ་འབྲོང་རི།གསེར་སྨད་རྔ་ལ་སྟག་རྩེ།དམ་ཅན་མགར་བ་ནག་པོ།ཤར་སྟོད་གཉན་པོ་གཡུ་རྩེ། རྨ་སྟོད་རྩེ་ལྷ་བཅུ་གསུམ།རྨ་སྨད་མཐོན་པོ་དགུ་སྒྲིག། རྨ་འཁོར་སྟོང་དང་དགུ་བརྒྱ།ལྷ་བཙན་ནོར་བུ་འོད་འབར།༼འདིར་རང་ལ་དགོས་སུ་མཆོད་རྒྱུའི་ཡུལ་ལྷ་ཡོད་ན།ཀི་བསྭོ་དང་བཅས་འབོད།༽ཁྱད་པར་དུ་ཕ་མྱེས་བརྒྱུད་ཀྱི་སྲུང་མ།ཚེ་རབས་ལས་ཀྱི་ལྷ་སྲུང་།ཕ་ལྷ་བཙན་པོ།མ་ལྷ་མྱུར་མོ།ཞང་ལྷ་གཉན་པོ།ཕ་རི་གཡས་ལ་གནས་པ།ཚུར་རི་གཡོན་ལ་གནས་པ།དཀར་པོ་གངས་ལ་གནས་པ།སྔོན་པོ་རྫ་ལ་གནས་པ།གཡའ་སྤང་རི་ལ་གནས་པ།དམའ་བ་ཐང་ལ་གནས་པ།སྐྱེ་བ་ཤིང་ལ་གནས་པ།འབབས་པ་ཆུ་ལ་གནས་པ།འཁྱིལ་བ་མཚོ་ལ་གནས་པ།འགྲོ་བ་ལམ་ལ་གནས་པའི་ཡུལ་སྲུང་གནས་བདག སྐྱེས་ལྷ་གཉན་པོ།ལས་ལྷ་བཙན་པོ།ཁ་ལྟ་གྲོགས་བྱེད་ཀྱི་གཞི་བདགའགོ་ཞིང་སྡོངས་གྲོགས་བྱེད་པའི་ཟ་ལྷ་གྲོགས་ལྷ།མཆོད་མཆོད་བསྟོད་བསྟོད་ཀྱི་ལྷ་ཚོགས།མ་བསྟོད་རང་འཁོར་གྱི་སྲུང་མ་སོགས།མདོར་ན་མཆོད་འོས་བསྟོད་འོས་ཀྱི་ཡུལ་དུ་གྱུར་བ་ཁྱེད་རྣམ་པ་ཐམས་ཅད་ལ།རྣམ་དག་བསང་གི་མཆོད་པ། ཇ་ཆང་བདུད་རྩིའི་མཆོད་པ།དར་སྣ་བ་དན་གྱི་མཆོད་པ།རྔ་གླིང་རོལ་མོའི་མཆོད་པ།སྤོས་དུད་དྲི་ཞིམ་གྱི་མཆོད་པ།དངོས་འབྱོར་ཡིད་འོང་གི་མཆོད་པ།ཡིད་སྤྲུལ་ཀུན་བཟང་གི་མཆོད་པ་སོགས།མདོར་ན་འཇིག་རྟེན་གྱི་དངོས་པོ་ཡིད་ལ་འཐད་ཚད་ཀྱི་མཆོད་སྤྲིན་རྒྱ་ཆེན་པོ་འདིས་མཆོད་དོ།།བསྟོད་དོ།།འབུལ་ལོ།མངའ་གསོལ་ལོ།།ཉེས་པ་བཤགས་སོ།།ཆད་པ་མཐུད་དོ།།དགྱེས་པ་བསྐང་ངོ།།ཐུགས་དམ་སྐུལ་ལོ་བཞེས་སུ་གསོལ། ཨོ། ཁྱེད་རྣམས་ལ་མཆོད་ཅིང་བསྟོད་ནས་བཅོལ་བའི་འཕྲིན་ལས་ཀྱི་སྙིང་པོ་ནི།སྤྱིར་སེམས་ཅན་ལ་བདེ་སྐྱིད་འབྱུང་དགོས།དགོས་འཛམ་གླིང་ལ་ཞི་བདེ་ཚུགས་དགོས།ཁྱད་པར་དུ་གངས་ཅན་བོད་ཀྱི་ཆོས་སྲིད་དར་དགོས།རྩ་བའི་བླ་མའི་སྐུ་ཚེ་བརྟན་དགོས།གྲྭ་ཚང་འདུས་སྡེའི་ཐོས་བསམ་དར་དགོས།རྗེ་འབངས་བར་གྱི་འབྲེལ་ལམ་ཉེ་དགོས།འབངས་ལ་ཚེ་བསོད་སྟོབས་འབྱོར་རྒྱས་དགོས།རྒས་པའི་ལུས་སེམས་སྐྱིད་དགོས།དར་མའི་རླུང་རྟ་མཐོ་དགོས།གཞོན་པའི་ཤེས་རིག་བཀྲ་དགོས།བྱིས་པའི་འཚར་ལོངས་ཡག་དགོས།ཅི་བསམ་གྱི་དོན་འགྲུབ་དགོས།གང་བརྩམས་ཀྱི་ལས་མྱུར་དགོས།ས་འོག་གི་གཏེར་ཁ་སྲུང་དགོས།ས་སྟེང་གི་ནད་ངན་སྐྲོད་དགོས། ཕ་ས་ཕ་ཡུལ་ལ་ཡར་རྒྱས་ཡོངས་དགོས།ཕ་ཡིག་ཕ་སྐད་ཀྱི་བླ་སྲོག་བརྟན་དགོས།སྲོལ་རྒྱུན་ཡ་རབས་ཀྱི་ལུགས་བཟང་ཟིན་དགོས།དེང་རབས་གསར་བྱུང་གི་སྙིང་བཅུད་ལོན་དགོས།དེ་ལས་ཀྱང་བདག་མཆོད་པ་པོའི་ཁ་ལས་རླུང་རྟ་རྒོད་རྒྱུག་རྒྱུག་དགོས།ཚེ་བསོད་དཔལ་འབྱོར་དབྱར་ཆུ་རྒྱས་རྒྱས་དགོས།ཅི་བསམ་འདོད་པ་སྦྲང་ཆར་འབབ་འབབ་དགོས།ཟས་ནོར་ལོངས་སྤྱོད་མཚོ་ཆེན་འཁྱིལ་འཁྱིལ་དགོས།སྙན་དང་གྲགས་པ་གཡུ་འབྲུག་ལྡིར་ལྡིར་དགོས།ལེགས་ཚོགས་ལ་འཕྲོད་ན་མཚོ་ལ་ཁ་བ་བབས་བབས་དགོས།རྒྱུ་ནོར་ལ་འཕྲོད་ན་རྣོ་ལ་ལྕགས་བྱེ་འདུ་འདུ་དགོས།ཉེས་ཚོགས་ལ་ཐུག་ན་རྔ་ལ་སྲན་མ་གཏོར་གཏོར་དགོས།དགྲ་བགེགས་ལ་ཐུག་ན་བྲག་དམར་ཐོག་གིས་གཏོར་གཏོར་དགོས། ནད་གདོན་གྱིས་ཟིན་ན་ཉི་མ་སྤྲིན་དང་བྲལ་བྲལ་དགོས།གང་ནས་བསྡད་ན་རླུང་རྟ་དར་དགོས།གང་དུ་སོང་ཡང་ཁ་ལས་དགེ་དགོས།གང་ཞིག་བརྩམས་ཀྱང་ལེགས་འགྲུབ་ཡོང་དགོས།བསམ་པའི་འགྲུབ་དགོས།འདོད་པའི་རྩེ་གང་དགོས།གང་བྱས་ཆོས་སུ་འགྲོ་དགོས།ཐར་བའི་ས་བོན་སྐྲུན་དགོས།མདོར་ན་ཚེ་རབས་ལས་ཀྱིས་འབྲེལ་བའི་ལྷ་བླ་མ་ཡི་དམ།མཁའ་འགྲོ་ཆོས་སྐྱོང་།དགྲ་ལྷ་ཝེར་མ།ཐུགས་ཀར་ཅང་སེ།ཕ་ལྷ་མ་ལྷ།ཞང་ལྷ་ཕྲག་ལྷ།ནོར་ལྷ་གཏེར་བདགཡུལ་ལྷ་གཞི་བདག་གཉན་པོ་རྣམས་དང་།ཁྱད་པར་དུ་གླིང་རྗེ་མི་ཡི་ཉི་མ།སེང་ཆེན་ནོར་བུ་དགྲ་འདུལ་འཁོར་སྤྲུལ་བའི་ལྷ་དམག་དང་བཅས་པ་ཁྱེད་རྣམ་པ།སྐད་ཅིག་གིས་བོས་ན་གློག་ཞགས་ཀྱི་མྱུར་དགོས།ཐེངས་གསུམ་བོས་ན་དཀྲིས་གསུམ་རྒྱག་དགོས། ལུས་དང་གྲིབ་མ་འགྲོགས་འགྲོགས་དགོས།ཉིན་གྱི་བྱ་ར་དགོས།མཚན་གྱི་མེལ་ཚེ་དགོས།དགྲ་བྱུང་ན་བརྡ་རྒྱོབས།དུག་བྱུང་ན་སྨན་མཛོད། འཐབ་ཉིན་དཔུང་གྱིས།བཤད་ཉིན་ལྕེ་གྱིས།མ་ཤེས་པའི་ཉིན་མོ་སློབ་དགོས།མ་རིག་གི་ཉིན་མོ་སྟོན་དགོས།གཟར་ས་ནས་ལམ་བྱེད་དགོས།དོག་ས་ནས་འཕྲང་བྱེད་དགོས།དཀའ་ཉིན་བྲག་རི་ལ་སྐས་བྱེད་དགོས།འཇིགས་ཉིན་ཆུ་ཆེན་ལ་ཟམ་བྱེད་དགོས།མདོར་ན་དུས་རྟག་པར་ཐུགས་སྲུང་བ་རྡོ་རྗེའི་ར་གུར་ལས་དུས་ནམ་ཡང་མ་འདོར་ཅིགཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།

ཞེས་པ་འདི་ནི་ཡུལ་གསེར་རྟའི་ཕྱོགས་ཀྱི་གླིང་གེ་སར་ལྷ་རིས་སྒྱུ་རྩལ་བ་སྙན་གྲགས་ནོར་བུས་དོན་གཉེར་ཆེན་པོས་ཐེངས་འགར་སྐུལ་མ་བྱུང་བ་ལ་བརྟེན་སྨིན་དབུས་ཨ་དཀར་པོས་བོད་རབ་བྱུང་༡༧པའི་ཤིང་རྟ་ལོའི་ལོ་སར་ཚེས་གཅིག་ལ་ཤར་རྒྱལ་མོ་རྨུ་རྡོའི་གང་བྱུང་བྱུང་དུ་བྲིས་པ་དོན་ཡོད་པར་ཤོག། དགེའོ། །

 

 

 

ཀློག་གྲངས།:[6050]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com