སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གཡུ་སྟག་ཧོར་ལ་ཤོར་བའི་སྣང་ཚུལ།

     གཡུ་སྟག་ཧོར་ལ་ཤོར་བའི་སྣང་ཚུལ།

དེ་ཡང་བོད་ཀྱི་དངོས་ཡོད་ལོ་རྒྱུས་མི་སྣ་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་དེ་ཉིད་ལོ་ངོ་སྟོང་ལ་ཉེ་བའི་དུས་ཡུན་རིང་།བོད་དམངས་ཁྲོད་ནས་དར་སྤེལ་སྲུང་འཛིན་བྱས་ཏེ། མུ་འབྲེལ་སྙན་ངག་གི་རྟོགས་བརྗོད་རིང་མོ་ཞིག་ཏུ་བསྐྲུན་པའི་ནང་ཚན།དོན་དངོས་ཀྱི་ལོ་རྒྱུས་དང་བར་ཐག་ཧ་ཅང་ཉེ་བའི་བྱུང་བརྗོད་རིང་མོ།བོད་ཀྱི་ངག་རྒྱུན་དུ་གྲགས་ལུགས་ཤིག་གི་དབང་དུ་བྱས་ན་སྔོན་ཚེ་ཧོར་གླིང་གཉིས་ཀྱི་གཡུལ་འཁྲུགས་ཁྲོད་དངོས་བྱུང་དོན་དག་གི་རྩ་བའི་ཐོ་ཡིག་ཅིག་གླིང་སྔོ་ལོའི་བུ་མོ་ནེའུ་ཆུང་གིས་གླིང་རྗེ་ཞལ་བཞུགས་པའི་དུས་ཟིན་བྲིས་སུ་བཏབ་པ་རེད་ཟེར་སྲོལ་ཡོད་པ་དང་། ཕྱིས་སུ་གླིང་རྗེ་གེ་སར་རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་ས་སྟག་ལ་ལྕི་སོས་ཡག་ཏུ་སྐུ་འཁྲུངས་ཤིང་།དགུང་གྲངས་གྱ་བརྒྱད་སྟེང་འབྲོག་གནས་རྨ་རྒྱལ་སྤོམ་རའི་སྟེང་ཕྱོགས་མཁའ་སྤྱོད་འོག་མིན་གྱི་ཞིང་དུ་འཇའ་ལུས་འཕོ་ཆེན་གྱི་སྐུར་གཤེགས་པར་བཞེད་པའི་ལོ་རྒྱུས་པ་དག་གི་ལུགས་ཀྱི་དབང་དུ་བྱས་ན།གླིང་རྗེ་གེ་སར་འཇའ་ལུས་སུ་གཤེགས་ནས་ལོ་ངོ་བཅུ་ཕྲག་ལྷག་གི་རྗེས་སུ་སྐུ་འཁྲུངས་པའི་གླིང་གེ་སར་གྱི་རྣམ་སྤྲུལ་འཁྲུལ་མེད་དུ་གྲགས་པ་འགྲོ་མགོན་བཀའ་བརྒྱུད་པསི་སྐྱེས་ཆེན་ཡེལ་བ་ཡེ་ཤེས་བརྩེགས་ཡབ་སྲས་ཀྱི་སྐུ་དུས་ནས་ནེའུ་ཆུང་མས་བཏབ་པའི་རྩ་ཟིན་ལོ་རྒྱུས་དེ་ཉིད་ལ་ཁ་སྣོན་དང་།ངག་ཐོག་ནས་གཏམ་སྒྲུང་དུ་བཤད་པའི་སྲོལ་ཚུགས་པ་རེད་ཅེས་གྲགས་པ་དང་། དེ་ནས་བཟུང་བོད་ཡུལ་ཀུན་ཏུ་ངག་ཐོག་གི་གཏམ་བརྒྱུད་དང་།ཡིག་ཐོག་གི་རྟོགས་བརྗོད་བསྟོད་སྒྲུང་སོགས་ཀྱི་སྟོབས་ནུས་སྦྲུམ་ཏེ་བོད་སྤྱི་ཚོགས་ཀྱི་ཁྲོད་བཀས་བཅད་དང་སྒྲིག་འཛུགས་མེད་པར།གང་འདོད་འདོད་དུ་ས་ཁྱབ་རྡོ་ཁྱབ་ཀྱིས་དངོས་བྱུང་ལོ་རྒྱུས་ར་བ་ལས་བརྒལ་བའི་རྟོག་ཡན་གྱི་ལམ་དུ་འགྲོ་ཆེ་བའི་དབང་གིས།བོད་གདོད་མའི་དུས་ཀྱི་སྒྲུང་ལྡེའུ་བོན་གསུམ་གྲས་ཀྱི་སྒྲུང་གི་ཐ་སྙད་དེ།དོན་དངོས་བྱུང་གླིང་གི་ལོ་རྒྱུས་ཁོ་ནའི་ཐོག་ཏུ་མར་བབས་ཏེ་གླིང་སྒྲུང་ཞེས་པའི་ཐ་སྙད་ཅིག་ཡོངས་ཁྱབ་རང་བཞིན་དུ་གྱུར་རྐྱེན།རྒྱུས་མངའ་དེ་འདྲ་མེད་པ་དག་གིས་གླིང་སྒྲུང་ནི་གཞི་རྩ་མེད་པར་རྟོག་བཟོས་ལས་བྱུང་བའི་ལྷ་སྒྲུང་ཞིག་ཡིན་འདུག་སྙམ་པའི་རྟོག་ཚོར་སྐྱེ་དགོས་བྱུང་བའི་གནས་སུ་བསྐྱལ།གང་ལྟར་བོད་འབངས་བསམ་བློའི་ནང་དུ་གླིང་རྗེ་རྒྱལ་བློན་གྱི་མཛད་རྗེས་ཡལ་མེད་དུ་ཡོད་རྐྱེན་རྣམ་པ་དུ་མའི་སྒོ་ནས་རྣམ་ཐར་ལོ་རྒྱུས་དང་སྒྲུང་གཏམ་རྟོགས་བརྗོད་རྣམས་ཉ་ཉུང་ཉམས་སྲེས་ཀྱིས་ཁྱབ་སྤེལ་རྒྱུན་སྐྱོང་བྱས་པ་དང་།ཧོར་གླིང་གཡུལ་འགྱེད་ཀྱི་ལོ་རྒྱུས་ཀྱང་དེ་ལྟར་རྒྱུན་མ་ཆད་པར་སྤྱི་ཚོགས་ཀྱིས་དར་སྤེལ་རྒྱུད་འཛིན་བྱས་ནས་འོང་བ་ཡིན་པ་དང་།ལྷག་པར་བོད་ཀྱི་མི་སྣ་གྲགས་ཆེན་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱི་སྐུ་དུས་སུ་སྒྲུང་བཤད་ལ་མཁས་པའི་མི་སྣ་སྐད་གྲགས་ཅན།སྡེ་དགེ་ཞབས་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས་ཞེས་པས་སྐབས་དེར་ངག་རྒྱུན་ཁོངས་བཙུན་ཅན་དུ་གྲགས་པའི་སྒྲུང་བ་མཚན་སྙན་ཅན་ནང་ཆེན་ལྷ་དབང་ཞེས་པ་དང་།སྡེ་དགེའི་སྒྲུང་ཆེན་ཚེ་རིང་། གླིང་བ་ལྷའུ་བཀྲ་ཤིས།ཆབ་མདོ་ཞང་ལུ་ཕུན་ཚོགས་ཟེར་བ་སོགས་བོད་མདོ་ཁམས་གླིང་གསུམ་གྱི་སྒྲུང་མཁན་ཉི་ཤུ་ཙམ་གྱི་མཁྲིས་ནས་ཉན་ཞིབ་བྱས་ཤིང་།ཁོ་ཚོའི་ངག་རྒྱུན་ཀྱི་མཐུན་ཕྱོགས་ཐམས་ཅད་དང་སྐབས་དེར་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་དཔེ་མི་འདྲ་བ་ལྔ་ཙམ་དངོས་སུ་བཞུགས་པ་རྣམས་ཕྱོགས་གཅིག་ཏུ་གུང་བསྒྲིགས།ངག་རྒྱུན་གྱི་ཁྲོད་ན་ཧོར་ཕྱོགས་སུ་གུར་དཀར་རྒྱལ་པོ་གཙོ་བོ་བྱེད་པ་དང་།གུར་སེར་རྒྱལ་པོ་གཙོ་བོ་བྱེད་པའི་ལུགས་གཉིས་འདུག་པ་ལས་གུར་དཀར་རྒྱལ་པོ་གཙོ་བོ་བྱེད་པའི་ཕྱོགས་ཁྱབ་ཆེ་བས་དེ་ཉིད་རྩ་གནད་དུ་བཟུང་སྟེ་སྤྱི་ལོ་༡༧༣༠ཡས་མས་སུ་བྲིས་ཏེ་གཏན་འབེབ་མཛད་པའི་ཧོར་གླིང་གཡུལ་འགྱེད་ཆེན་མོ་ཞེས་པའི་སྒྲུང་དཔེ་དེ་ལ་རིམ་པ་བཞིན་མཁས་པ་དུ་མས་ཡང་དང་བསྐྱར་དུ་དག་བསྒྲིགས་ཞུས་དག་གིས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་། དེའི་ཕྱིས་སུ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིགས་ཞིབ་འཇུག་ཚོགས་པའི་མཁས་དབང་གསུང་རབ་རྒྱ་མཚོ་དང་།ཚེ་ཏན་ཞབས་དྲུང་སོགས་ཀྱིས་དག་བསྒྲིགས་བསྐྱར་དུ་བྱས་ཏེ།སྤྱི་ལོ་༡༩༦༢ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་སྒྲུང་དེབ་དེའི་ནང་།སྐྱ་རིས་དང་ཚོན་རིས་ཀྱི་བར་བཅུག་པར་རིས་ཉམས་ལྡན་འགའ་ཞིག་མཆིས་པ་ལས།ལྡོང་གི་ཁུ་བོ་ཁྲོ་ཐུང་གི་ནང་རུལ་དོན་རྐྱེན་འོག་ནས་སྤྱི་དཔོན་སྣང་ཆུང་གཡུ་སྟག་མཆོག་ལ།ཧོར་སྡིག་པའི་བུ་ཨ་ལྔ་འཐེབ་དྲུག་གིས་འཇབ་མདའ་ཕོག་ཏེ་སྐུ་ཚེ་རྐྱེན་ལམ་དུ་ཤོར་བཞིན་པ།ལྡོང་འབུམ་པའི་ཞལ་དཀར་གྱི་ཕྱག་གིས་བསྐྱོར་ཡོད་པའི་རྣམ་པ་མངོན་པར་བྱས་པའི་པར་རིས་འདི་ཉིད།ཡུལ་མགོ་ལོག་ཁང་སར་སྨིན་ཐང་རྨ་ཉིན་རུ་ཆེན་གྱི་རྒན་པོ་སྒྲུང་དགའ་བ་དམེ་མགོན་དབང་དུ་འབོད་པ་ལགས་ལ།རིག་གནས་གསར་རྗེ་ཆེན་པོའི་མེ་འོབ་ཏུ་མ་ཤོར་བའི་ཧོར་གླིང་གཡུལ་འགྱེད་སྟོད་ཆའི་དེབ་མགོ་མཇུག་ནས་ཅུང་ཙམ་རེ་མ་གཏོགས་སྐྱོན་ཤོར་མེད་པ་ཞིག་ཡོད་པ།ཁོས་རི་སྒང་ཤོད་གསུམ་ཀུན་ཏུ་ལུག་རྫིར་འགྲོ་ཞོར་ལྐོག་ཏུ་ཀློགས་ཀྱིན་ཡོད་པ། ཁོ་བོ་རང་ལོ་དགུ་བའི་སྟེང་མཇལ་ཏེ་ཡང་དང་བསྐྱར་དུ་སྒྲུང་དེབ་དེ་ལ་དགའ་མོས་དང་།ལྷག་པར་བར་བཅུག་རི་མོ་ཁ་ཤས་ལ་ལག་པས་བྱིལ་བྱིལ་དང་ཐོད་པར་གླན་པའི་གྲངས་ཀ་ཡང་ཉུང་ཉུང་མིན་ལ།མཚན་མོ་རྨི་ལམ་གྱི་ངོགས་སུ་ཡང་སྒྲུང་དེབ་དེའི་བར་བཅུག་པར་རིས་དག་བཀྲ་ལམ་ལམ་འཁོར་མྱོང་བར་བསམ་ན་ད་ལྟ་ཡང་ཕྱིར་དྲན་གྱི་ཚོར་སྣང་སྨྲ་མི་ཤེས་པ་ཞིག་སྣང་བརྙན་བཞིན་ཡིད་ལ་འཁོར་ཡོང་རྒྱུ་འདུག། ཕྱིས་སུ་སྤྱི་ལོ་གཅིག་དགུ་བརྒྱད་ཅུ་ལོ་ཡས་མས་ནས་བཟུང་ཁོ་བོས་ཐབས་ཇུས་ཡོད་དགུས་སྒྲུང་དཔེ་རྙིང་བ་དེ་ལག་ཏུ་ཨེ་ཡོང་བལྟས་པ་ཡིན་ལ། སྐབས་དེར་ཆོས་རིག་བསྐྱར་དར་གྱི་སྐབས་ཡིན་པ་དང་ལྷག་པར་གླིང་གེ་སར་སྒྲུང་དཔེ་དག་མི་སུ་ཞིག་གིས་མཐོང་ན་ཡང་སྔར་ལྟར་ལྷ་འདྲེ་གདོན་བགེགས་ཀྱི་ལག་ཆར་བརྩི་བའི་ལྟ་སྟངས་ངན་པ་དེ་འགྱུར་ཡོད་པར་མ་ཟད།གླིང་སྒྲུང་གི་དཔེ་ཆ་ཡང་མང་པོ་ཞིག་ཞིང་ལྗོངས་སོ་སོ་ནས་པར་དང་པར་མུས་ཀྱི་སྐབས་ཡིན་སྟབས།ཁོང་ཚང་གི་ཧོར་གླིང་དེབ་རྙིང་དེ་ལ་ལྟ་ཀློག་བྱེད་རྒྱུ་ཡང་སྔར་ལྟ་བུའི་དཀའ་མོ་ཞིག་མིན་ཡང་།སྒྲུང་དཔེ་དེ་རིག་གསར་གྱི་ཉེན་ཁ་ལས་སྐྱོབ་མཁན་ལུག་རྫི་རྒན་པོས་ཁ་ཆར་ཙག་རླུང་ཁྲོད་ནས་ལྟེབ་འཕུར་མཉེད་གསུམ་གྱིས་རྙིང་ཆེ་ནས་མགོ་མཇུག་རྣམས་སྔར་བས་མི་ཚང་བར་གྱུར་ཡོད་པ་ནི་འགྱོད་པའི་གནས་ཤིག།འོན་ཀྱང་དུས་དེ་ནས་བཟུང་ཁོ་ཚང་གི་སྒྲུང་དེབ་དེ་དཔེ་རས་ཚི་དྲེག་ཅན་ཞིག་གིས་བཏུམས་ཏེ་མཚམས་མཚམས་སུ་ཁོ་བོས་ཉར་ཚགས་བྱས་པ་དང་།སྐབས་འགར་ཁོང་ཚང་ལ་ཕྱིར་བསྐྱལ་བ་སོགས་ཀྱི་གོ་རིམ་བརྒྱུད་པའི་ཁྲོད་ནས་བར་བཅུག་པར་རིས་རྩ་ཆེན་འདི་ཁོ་བོས་གཅེས་ཉར་བྱས་པ་ཙམ་ཡིན་མོད།པར་ཆས་ཀྱི་རྒྱུ་སྤུས་སོགས་ཀྱི་དབང་གིས་པར་གྱི་ཚོན་མདངས་སོགས་ལ་འགྱུར་བ་ཤོར་འདུག ། ཡིན་ཡང་འདི་ཉིད་ལ་མ་མཐའ་ཡང་ལོ་ངོ་བདུན་ཅུ་ཙམ་གྱི་ལོ་རྒྱུས་རིན་ཐང་ལྡན་པ་དང་།སྐབས་དེའི་གླིང་གེ་སར་རྟོགས་བརྗོད་རི་མོའི་འགྲོ་སྟངས།ཡིད་འགྱུའི་སྒྱུ་རྩལ་གྱི་མཚོན་ཐབས།ཚོན་ཁ་སྡེབ་ལུགས་སོགས་གསལ་བྱེད་ཀྱི་དཔྱད་གཞི་ཡིན་པས་ཁོ་བོ་ལ་མཚོན་ན་ཆེས་རིན་ཐང་ཆེ་བའི་གཅེས་ནོར་ཞིག་ལགས་པས།ད་ཐེངས་འདིར་གླིང་གེ་སར་རིག་གནས་དྲ་བ་བརྒྱུད་རྒྱ་ཆེའི་དོན་གཉེར་བ་ཚོར་ལེགས་སྐྱེས་བཤམས་པ་ལགས་སོ།།

ཞེས་ཆུང་བའི་དུས་ནས་གླིང་རྗེ་བློན་ལ་ཞེ་འདང་ཅན་སྨིན་དབུས་ཨ་དཀར་པོས་བོད་རབ་བྱུང་༡༧པའི་ཤིང་རྟ་ལོའི་ཟླ་༨་པའི་ཚེས་༥་རེས་གཟའ་ཟླ་བའི་ཉིན་བྲིས་ཏེ་ཕུལ་བ་དགེ།

 

ཀློག་གྲངས།:[5885]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com