སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

༈གླིང་གི་རྟ་རྒྱུག་སྐབས་ཀྱི་ལྷ་སྲས་ཇོ་རུ་བཞེངས་ཚུལ།

༈གླིང་གི་རྟ་རྒྱུག་སྐབས་ཀྱི་ལྷ་སྲས་ཇོ་རུ་བཞེངས་ཚུལ།

སྤྲུལ་བའི་ལྷ་སྲས་ཇོ་རུ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་མི་ཕོ་འཁོར་གསུམ་ཅན།།ལོངས་སྐུའི་མི་ཕོ་དཔའ་རྩལ་ཅན། །སྤྲུལ་སྐུའི་མི་ཕོ་དམག་གི་དཔོན།།རྣམ་པ་སྦས་པའི་ངང་ཚུལ་འཛིན། །འཕྲིན་ལས་དུས་ལ་བབས་གྱུར་ནས།།རྐྱང་རྒོད་བང་གི་འཕྲུལ་འཁོར་ལ། །བརྟེན་ཏེ་གླིང་དཀར་རྗེ་བོ་རུ།།རྡོ་རྗེའི་གར་སྟབས་བསྒྱུར་བའི་དུས། །སྤྲུལ་བའི་སྐྱེས་བུ་ལོ་བརྒྱད་ཚུལ།།མཚན་དཔེའི་རང་རྟགས་རྫོགས་པའི་སྐུ། །མཇལ་བ་ཙམ་གྱིས་འགྲོ་བའི་བློ།།དབང་དུ་བྱེད་པའི་མཛེས་ཞལ་རྫོགས། །གཡུ་སྨིན་དབུ་སྐྲ་རླུང་གིས་བསྐྱོད།།དབུ་ལ་རྒོ་ཕོའི་རྭ་ལྡན་ཞྭ། །སྐུ་ལ་བེའུ་སློང་མཐའ་གྱོང་ལ།།རྩིད་སླས་ཁྲ་བོའི་སྐུ་རགས་བཅིངས། །དགྲ་བླའི་འཁོར་རྟེན་འུར་རྡོ་དང་།།ལྕང་དཀར་བེར་ཀ་སྐེད་ལ་དྲངས། །ཞབས་ལ་རྟ་ལྷམ་དམར་པོ་ལ།།རྩྭ་ཐིག་བསླས་མའི་ལྷམ་སྒྲོག་བསྡམས། །མ་ཡུམ་འགག་བཟའི་གཅེས་ནོར་ཏེ།།ཆུང་ནས་སྐུ་དང་མ་བྲལ་བའི། །ལྷ་ཀླུ་གཉན་གྱི་བླ་རྟེན་མཆོག།གཡུ་ཡི་མགུལ་རྒྱན་གཟི་འོད་འཕྲོ། །ཕྱི་བལྟས་བྱོལ་སོང་རྟ་ཡི་མཆོག།ནང་དུ་རྟ་མགྲིན་དམར་པོའི་རྩལ། །འདོ་རྗེ་རྐྱང་རྒོད་འཕེལ་བ་ནི།།གྱི་ལིང་རླུང་གི་བང་རྩལ་གཡོ། །སྐྱ་ལོའི་གཡང་མཛོད་ལས་བྱུང་བའི།།བལ་སྟན་སྦ་དམར་གླིང་བཞིའི་སྟེང་། །གསེར་སྒ་ཡིད་བཞིན་དབང་རྒྱལ་བསྟད།།སྒ་ཆས་མཛེས་སྡུག་བཀྲ་བར་མཛད། །དེའི་སྟེང་རྡོ་རྗེའི་གར་སྟབས་ཀྱིས།།ཕྱག་གཡས་དབང་སྡུད་ནོར་བུ་སྟེ། །སྦ་ལྕག་བསམ་པའི་དོན་འགྲུབ་འཕྱར། །གཡོན་པས་གསེར་སྲབ་ཁ་རུ་བདག །རྨ་ལུང་ས་སྤྱོད་དཀྱིལ་འཁོར་ནས།།ཀུ་ར་རྫ་ལ་ཞལ་ཕྱོགས་ཏེ། །སྡེ་བཞིའི་ཁྲི་འཕང་དབང་བསྒྱུར་ཕྱིར།།མི་རྟས་ལས་བཞིའི་ཉམས་རྩལ་ངོམ། །དགོས་ཆེད་དབང་གིས་རེ་ཞིག་ཏུ།།འདམ་གྱི་སྦུབས་གནས་པདྨ་བཞིན། །གཤིས་ཀྱི་རྣམ་འགྱུར་གབ་པ་ཡི།།རྣམ་ཐར་སྟངས་ཀ་བཟུང་ཙམ་ལས། །དོན་ལ་རིགས་གསུམ་སེམས་དཔའི་འཕྲུལ།།འཇིག་རྟེན་དབང་ཕྱུག་ལྷ་ཡི་རྗེ། །ནེའུ་ཆུང་མཁའ་འགྲོའི་བརྡ་གླུ་ཡིས།།བཀྲོལ་བའི་དེ་ཉིད་ཨེ་མ་ཧོ། ། ཞེས་གླིང་གི་ལྷ་རིས་པ་ལེགས་སྨོན་མཆོག་གིས་གླིང་ཡུལ་རྨ་སྟོད་ཀྱི་རྟེན་མཆོག་ལྷ་སྲས་ཇོ་རུའི་སྐུ་བརྙན་གྱི་བཞེངས་གཞི་འབྲི་བའི་རམ་འདེགས་སུ་སྨིན་དབུས་འཇིགས་མེད་བརྩེ་ལྡན་རྡོ་རྗེ་ནས་བཀྲ་ཤིས་པའི་ལྷ་རྫས་ཤིག་གི་དོད་དུ།སྤྱི་ལོ ༢༠༡༢ ལོའི་སྤྱི་ཟླ ༡༢ པའི་ཡར་ཚེས་ལ་ཕུལ་བར་མ་ཟད།འདི་ཉིད་བཞེངས་པ་པོས་ཐུགས་བསྐྱེད་ཀྱིས་རྩིས་ཟིན་ཅིང་། ཆོས་སྐུའི་རང་བསྲེལ་དང་རྨ་ལུང་རྡོ་རྗེའི་བྲག་གི་དམ་ཅན་མངོན་འཁོར་མ་མོའི་བླ་རྡོ་སོགས་ཀྱི་གཟུངས་གཞུག་ཚད་ལྡན་འཕུལ།རབ་གནས་རྟེན་བཞུགས་སོགས་ཚུལ་མཐུན་གནང་ན། ལྷ་སྲས་ཇོ་རུའི་གསང་གསུམ་གྱི་མཛད་འཕྲིན་ལས་དུས་སུ་བབས་པའི་སྐབས་ཡིན་པའི་རྟེན་འབྲེལ་མཐུ་བཙན་ཕྱིར།ཡུལ་སྤྱི་ལ་ཕན་པ་དང་ལྷག་པར་གླིང་ཡུལ་སྟོད་སྨད་བར་གསུམ་གྱི་རྒུད་པ་སེལ་ཞིང་།སྙན་གྲགས་རླུང་རྟ་རྒྱས་པར་ཕན་པ་ཆེ་བར་ཐེ་ཚོམ་མི་དགོས་སྙམ་ཞེས་ཀྱང་སྨྲས་སོ། །

ཀློག་གྲངས།:[4338]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com