
མདོ་ཁམས་སྡེ་དགེ་གླིང་ཚང་གི་ལྷ་རིས་པ་གྲགས་ཅན།དགེ་དགའ་བླ་མ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཕྱི་ལོ་ ༡༩ ༣༡ལོར་མདོ་ཁམས་གླིང་དཀར་སྟོད་ཀྱི་ཡུལ།གླིང་རྗེ་གེ་སར་སྐུ་འཁྲུངས་པའི་གནས་ཀྱི་ཤར་ངོས་རིན་ཆེན་གླིང་༼ཡར་གླིང་ཡང་ཟེར༽ཞེས་པའི་གྲོང་དུ་སྐྱེས། དགུང་ལོ་བརྒྱད་ཀྱི་དུས་བླ་མ་སྒྲོན་ཚེ་བྱ་བ་ལས་ཡི་གེ་འབྲི་ཀློག་བསླབས།དགུང་ལོ་བཅུ་གཅིག་པའི་དུས་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་དུ་ཆོས་སྤྱོད་གར་ཐིག་དབྱངས་རོལ་སོགས་བསླབས།དགུང་ལོ་བཅུ་དྲུག་པ་ནས་ལྷ་བཟོ་ཆོས་སྐྱོང་བྱ་བའི་མདུན་རི་མོའི་བཟོ་གནས་ཐོག་མར་བསླབས།དེ་ནས་བཟུང་རི་མོའི་སྒྱུ་རྩལ་ལ་མོས་འདུན་ཆེན་པོ་འཁྲུངས་ཏེ། ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཚད་མར་འཛིན་པའི་ལྷ་བཟོ་གྲགས་ཅན་ཐང་ལྷ་ཚེ་དབང་གི་མདུན་དུ་བཅར་ནས།ཐིག་དང་། ཆ་ཚད། རི་མོ། ཞལ་ཤེས་མན་ངག་བཅས་ལ་སྦྱང་བརྩོན་མཐར་ཕྱིན་པར་མཛད། དེའི་མཚམས་སུ་འཇམ་མགོན་པདྨ་དྲི་མེད་ཀྱིས་ལུང་བསྟན་པ་ལྟར་ཕྱི་ལོ་ ༡༩༥༩ ལོར་ཡོང་དོར་སྤྲོས་མེད་ཀྱིས་འཕགས་ཡུལ་དུ་ཕེབས།སླར་ཡང་ཐིག་ཡིག་དང་དཔེ་གཞི་རྣམས་འཚོལ་བསྒྲུབས་ཀྱིས་ ༡༩༦༥ ལོ་ནས་སྡེ་དགེའི་བཟོ་པ་དམ་ཆོས་བྱ་བའི་མདུན་ནས་སྐུ་རྟེན་དང་།དྲིལ་བུ་སོགས་ལི་ཟངས་ལས་ལུགས་སུ་བླུགས་པའི་བཟོ་གནས་ཀྱང་ཡང་དག་པར་བསླབས་ཤིང་། བྲིས་འབུར་ཅི་རིགས་ཀྱི་ཕྱག་ལས་རླབས་ཆེན་གནང་ཞོར།རྒྱལ་ཁབ་ཕྱི་ནང་མི་རིགས་འདྲ་མིན་གྱི་སློབ་བུ་མང་པོ་ཞིག་ལ་ཕན་ཆེད་དུ་ཕྱག་བྲིས་ཀྱི་ཐིག་དཔེ་ཆ་ཚང་བ་བརྩམས་གྲུབ་ཀྱི་བཀའ་དྲིན་བསྐྱངས་ཏེ།དིལ་མཁྱེན་རབ་གསལ་ཟླ་བ་སོགས་དམ་པའི་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་དང་བཅས།བོད་དབྱིན་ཡིག་རིགས་གཉིས་ལྡན་གྱིས་པར་དུ་བསྐྲུན་མྱོང་བ་སོགས་བོད་ཀྱི་རི་མོ་བཟོ་གནས་ལ་བཀའ་དྲིན་རྒྱ་ཆེ་འདུག ཁྱད་པར་དུ་ཁོང་གིས་བྲིས་པའི་གླིང་གེ་སར་རྒྱལ་བློན་སྐོར་གྱི་སྐྱ་རིས་རྣམས་ནི།མཇལ་མ་ཐག་གཞན་གྱི་སྒྱུ་རྩལ་རི་མོ་དང་བསྡུར་ན། དེ་མ་ཐག་ཡིད་ངོར་ངོ་མཚར་བའི་ཚོར་བ་ཐུན་མིན་སྟེར་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་པ་རེ་མཆིས་པར་བསམ་ན།ཁོང་གིས་བྲིས་པའི་རི་མོ་རྣམས་ནི་རང་བཞིན་ལག་བདེ་དང་ཉམས་མྱོང་གིས་བཞེངས་པ་ཙམ་མ་ཡིན་པར།ཐུན་མིན་དག་ཉམས་བདེན་གཟིགས་ཀྱི་དགོངས་རྩལ་ལས་ཐོན་པ་ཤ་སྟག་ཡིན་སྲིད་སྙམ་པའི་ངེས་ཤེས་སྐྱེ་ཐུབ།དེ་ཡང་ཡིན་ཏེ་ཁོང་གི་ཞལ་ནས། སྐྱེ་འགག་མེད་པ་སེམས་ཀྱི་མཁའ་དབྱིངས་ལ།།རང་རིག་རྩལ་གྱིས་བྲིས་པའི་གཟུགས་བརྙན་རྣམས། །དུས་གསུམ་དུས་ཀྱི་སྐྱེ་འགག་བྱུང་གྱུར་ཀྱང་།།མ་འགགས་སྒྱུ་མའི་རི་མོའི་ཟློས་གར་བརྩམས། ། ཞེས་རང་དམ་བཅས་ཡོད་པས་ཀྱང་རྟོགས་སླའོ།།
ངོ་སྤྲོད་འདིའི་རྒྱུ་ཆ་འདོན་སྤྲོད་གནང་མཁན་སྡེ་དགེའི་མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས་ལགས་ཡིན་པས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།