སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ལྡོང་འབུམ་པའི་དགྲ་བླ་རྩེ་རྒྱལ་ངོ་སྤྲོད་མདོར་བསྡུས།

ལྡོང་འབུམ་པའི་དགྲ་བླ་རྩེ་རྒྱལ་ངོ་སྤྲོད་མདོར་བསྡུས།

གླིང་གི་ཁྲི་དཔོན་ལྡོང་འབུམ་པའི་དགྲ་བླ་རྩེ་རྒྱལ་ནི། བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་རྒྱལ་པོ་དང་རུས་རྒྱུད་གཅིག་པའི་ཚ་བོ་ཡིན་ལ། འདིའི་ཡབ་ཀྱི་རུས་རྒྱུད་ནི་ལྡོང་ཡེ་སྨོན་གྱི་རིགས་རྒྱུད་ལས་ཆད་པར་གྲགས་པའི་ལྡོང་ཆོས་འཕེན་ནག་པོ་ཞེས་པའི་གདུང་རིགས་སུ་གཏོགས་ལ། ལྡོང་གི་ནང་ཚན་དུ་ཁྲ་བོ་གླིང་ཞེས་པའི་རུས་རྒྱུད་ཅིག་བྱུང་བ་ཡང་། སྟག་ཚང་དཔལ་འབྱོར་བའི་<<རྒྱ་བོད་ཡིག་ཚང་ཆེན་མོ>>ལས། ཕོ་བོ་(སྤོ་བོ་བྲིས་པ་ཡང་སྣང་)ལྡོང་ལ་མཆེད་དྲུག་ཡོད། །སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེར་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་(འདི་རིགས་ལ་ཡི་གེ་མ་དག་པ་འམ་འབྲི་ལུགས་མི་འདྲ་བ་ཡོད་པར་སྣང་)མཚན་ན་བཙུན་དྲུག་དེ། །བེ་རི་འདོ་དང་གླིང་བ་གཉིས། །རོ་འཛེ་ལ་ཕུ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། ། ཞེས་གསལ་བ་སོགས་ཀྱིས་ངེས་ལ། གླིང་དེ་ལ་གླིང་ཆེ་འབྲིང་ཆུང་གསུམ་གྱི་རིགས་རྒྱུད་བྱུང་ནས་རྒྱལ་ཁབ་ཏུ་ཆགས་ཚུལ་ཡང་། རྒྱའི་ཚིག་ཚང་ན། ཧྭན་གཉིས་(两汉 )ཀྱི་རྒྱལ་རབས་ནས་འབྲི་ཆུའི་སྟོད་རྒྱུད་དུ་ཧ་ཅང་སྟོབས་ཆེ་བའི་གདོང་མི་(多弥部落 )ཞེས་པའི་ཚོ་བ་ཞིག་ཡོད་ཅིང་། སྲོང་བཙན་སྒམ་པོས་བོན་ནག་(白狼国 )དང་འ་ཞྭ་(吐谷浑)དབང་དུ་བསྡུ་སྐབས་གདོང་གི་ཚོ་བས་དམག་རོགས་བྱས་རྗེས་སུ་བོད་བཙན་པོའི་དམག་ཚུགས་སུ་གྱུར་ཅིང་། དུས་རབས་དགུ་བ་ཙམ་དུ་གླིང་ཞེས་པས་རང་གི་རྒྱལ་ཁབ་བཙུགས་ཚུལ་གསལ་བར་གྲགས་པས་ཀྱང་ངེས། དེ་ལ་ལྡོང་ཆུང་རྒྱུད་ཀྱི་སེང་བློན་རྒྱལ་པོ་ཞེས་པར་ཁྲི་དཔོན་འབུམ་པ་ཞལ་དཀར་དང་། རོང་ཚ་དམར་ལེབ། འགག་ཚ་ཇོ་རུ་ཏེ་མ་རྒྱུད་མི་གཅིག་པའི་རིགས་སྲས་སྤུན་གསུམ་འཁྲུངས་པ་ལས། ཐ་ཆུང་ཇོ་རུ་ནི་ཕྱིས་སུ་གླིང་གི་རྒྱལ་པོར་གྱུར་ཏེ་མཚན་ལ་གླིང་རྗེ་གེ་སར་ཐོགས་ཤིང་། འདིའི་འཁྲུངས་ལོར་བོད་ཀྱི་གནའ་དེང་གི་ལོ་རྒྱུས་ཞིབ་འཇུག་པ་ཕལ་མོ་ཆེས་སྤྱི་ལོ ༡༠༣༨ ལ་བཞེད་ཀྱིན་ཡོད་མོད། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཀུན་གྱི་སྔ་ཤོས་རླངས་ཀྱི་པོ་ཏི་བསེ་རུ་དང་བསྡུར་ནས་འོང་ན་ལོ་ངོ་བཅུ་ཕྲག་ལྷག་གི་ནོར་བ་ཤོར་ཨེ་ཡོད་དམ་སྙམ་པ་འདུག་པས་ད་དུང་དཔྱད་སྣེ་འཚོལ་རྒྱུ་གལ་ཆེ། མདོར་ན་དཔའ་བོ་འདི་རིགས་ནི་དོན་དངོས་ཐོག་ནས་དཔའ་རྩལ་སྐྱེན་གསུམ་ལྡན་ཞིང་། ཁོར་ཡུག་གི་མི་བསྲུན་གདུག་རྩུབ་ཅན་དག་ཚར་གཅོད་ཐུབ་པའི་མི་སྣ་དཔའ་སྟོབས་ཅན་རེ་རེ་ཡིན་པ་དང་། རླངས་ཀྱི་གྲུབ་ཐོབ་ཨ་མི་བྱང་ཆུབ་སོགས་བླ་མར་བསྟེན་ནས་གསང་སྔགས་ཉམས་སུ་བླངས་ཏེ་མཐར་འབྲས་འཇའ་ལུས་སུ་གཤེགས་པའི་དོན་དངོས་ཀྱི་མི་སྣ་དངོས་རེ་ཡིན་པ་ལ་འཁྲུལ་བ་མེད་ན་ཡང་། རྗེས་རབས་པས་བསྟོད་སྒྲུང་དང་། སྙན་ངག་གི་འུད་གོས་སོགས་ཚིག་རིས་སྣ་ཚོགས་པའི་ཡོལ་རས་ཀྱི་ཕག་ནས་དངོས་མཐུན་གཏན་ཚུགས་ཀྱི་ལོ་རྒྱུས་ཤིག་རྙེད་རྒྱུ་ཡོད་དམ་སྙམ་ན་ཡོད་དེ། དེ་ཡང་དོན་དངོས་ལོ་རྒྱུས་སྟེང་བྱུང་མྱོང་བའི་དཔའ་བོའི་མི་སྣ། ལྷ་སྲས་དགྲ་བླ་རྩེ་རྒྱལ་ལ་མཚོན་ནས་བཤད་ན། མདོ་ཁམས་སའི་རྗེ་བོ་གླིང་དཀར་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ཇི་ལྟར་བྱོན་ཚུལ་ཡུལ་སྲོལ་དང་བཅས་པ་ཉུང་ངུར་བསྡུས་པ་སྐལ་བཟང་ལྷ་ཡི་དགའ་ཚལ་སོགས། གནའ་དེང་གི་གླིང་ཚང་རྒྱལ་རྒྱས་བསྡུས་ཡོངས་བཞེད་པ་གཅིག་མཐུན་དུ་གླིང་རྗེ་གེ་སར་གྱི་ཕུ་བོ་འབུམ་པའི་ཞལ་དཀར་དང་། ཡུམ་རག་བཟའ་དགེ་མཚོ་ཟུང་གི་སྲས་སུ་ རབ་བྱུང་དང་པོའི་ལྕགས་སྟག་[ཕྱི་ལོ་༡༠༥༠]ལོར་འཁྲུངས་པར་ཞལ་མཐུན་པ་དང་། ལོ་ཚུགས་འདི་གླིང་སྒྲུང་རྟོགས་བརྗོད་ཡོངས་ཀྱི་ནང་ནས་གླིང་གེ་སར་ལོ་རྒྱུས་དངོས་དང་ཐག་ཉེ་ཞིང་། དོན་དངོས་ལོ་རྒྱུས་ཀྱི་ཆ་མང་པའི་གླིང་སྒྲུང་། ཧོར་གླིང་གཡུལ་འཐབ་ཀྱི་སྒྲུང་རྙིང་རིགས་མི་འདྲ་བ་ལྔ་ཙམ་དང་དམངས་ཁྲོད་ཀྱི་ངག་རྒྱུན་རྣམས་གོང་མཐུན་དུ་གླིང་རྗེ་གེ་སར་དགོང་གྲངས་བཅོ་ལྔའི་སྟེང་བྱང་ངམ་རིང་བདུད་ལ་ཕེབས་པ་དང་། བདུད་ཡུལ་དུ་ལོ་ཧྲིལ་བོ་དགུ་འདས་ནས་ཕྱིར་ཕེབས་སྐབས། ཧོར་ཨ་ཆེན་གྱི་དམག་དཔུང་གླིང་ལ་ཤོར་ནས་ཕུ་བོ་འབུམ་པ་ཞལ་དཀར་སྐུ་བཀྲོངས་པ་སོགས་གླིང་ལ་ཆག་འཇིག་ཆེན་པོ་ཐེབས་ཡོད་ཚུལ་དང་། ཚ་བོ་དགྲ་བླ་རྩེ་རྒྱལ་དགུང་ལོ་བཅུ་གཅིག་ཡས་མས་ལ་སླེབས་ཡོད་ཚུལ་སོགས་གསལ་བས་ཤེས་ཐུབ། མདོར་ན་འབུམ་པའི་དགྲ་བླ་རྩེ་རྒྱལ་ནི་གླིང་རྗེ་གེ་སར་གྱི་ཚ་བུ་དངོས་ཡིན་ལ། ཕྱིས་སུ་སྲས་ཀྱི་དོད་ལྟ་བུར་གྱུར་ཡོད་པ་དང་། དཔའ་ཕོ་རྩལ་བློ་ཐབས་མཁས་སོགས་གང་གི་ཆ་ནས་ཀྱང་འབུམ་པའི་རྒྱུད་པ་ཟིན་པའི་བུ་ཞིག་ཡིན་ཕྱིར། གླིང་རྗེ་གེ་སར་གྱིས་གླིང་རྒྱལ་ཁབ་སྤྱིའི་ཆབ་སྲིད་དང་དམག་དོན་གྱི་ཁེ་དབང་གཏད་ཡུལ་གྱི་རྒྱུད་འཛིན་ཁྲི་དཔོན་ཆེན་པོའི་ཐོབ་ཐང་ཅན་གཅིག་པུ་ཡིན། དེ་ནི་གླིང་རྗེ་གེ་སར་ཉིད་ཀྱི་ཞལ་ནས་བུ་མེད་ཀྱང་ཚ་བོ་བུ་ལས་ལྷག་ཅེས་གསལ་ཁ་ཅན་གསུངས་མྱོང་བའི་ངག་རྒྱུན་ལོ་རྒྱུས་དང་སྒྲུང་ཚིག་མཇལ་རྒྱུ་ཡོད་ལ། དེ་བཞིན་དུ་རྒྱལ་ཡུམ་སེང་ལྕམ་འབྲུག་མོའི་གླུ་མང་པོ་ན་ཡང་། ལྷ་སྲས་དགྲ་བླའི་མ་ཡར་ཡིན་ཞེས་མཐོང་རྒྱུ་ཡོད་པ་སོགས་ཀྱིས་མཚོན། འབུམ་པའི་དགྲ་བླ་མཆོག་གླིང་ཚང་གི་ཆབ་སྲིད་འཛིན་པའི་གདུང་རྒྱུད་ངོ་མར་གྱུར་ཡོད་པར་ཤེས་བྱེད་མང་། ལྷ་སྲས་ཁོང་གི་སྐུ་ཚེའི་ནང་གླིང་རྗེ་གེ་སར་གྱི་ཞབས་ཞུ་དང་ཤར་ཁྲ་བོ་གླིང་གི་ཇུས་དོན་གྱི་ཆེད། ཕྱོགས་སོ་སོའི་དགྲ་སྡེ་གྲངས་ཀྱིས་མི་ཆོད་པར་དམག་འདྲེན་གཡུལ་ལས་ཀྱི་སྐབས་དམག་སྤྱིའི་འགན་བླངས་ནས་བྱས་རྗེས་ཆེན་པོ་བཞག་ཡོད་པ་ནི། གནའ་བོའི་དུས་ཀྱི་སྒྲུང་རྙིང་སྨུག་གུའི་དྲེལ་རྫོང་དང་། གྲུ་གུ་གོ་རྫོང་སོགས་སུ་གསལ་བས་མཚོན་ཡོད། ལྷག་པར་ཁུ་བོ་གླིང་རྗེ་གེ་སར་མཆོག་གི་མདུན་ནས་ཐུན་མོང་དང་ཐུན་མིན་གྱི་གདམས་ཟབ་མང་དུ་གསན་ཏེ་སྐུ་ཚེའི་སྨད་ཉམས་ལེན་ལ་འབད་དེ་མཐར་འབྲས་ཡང་དག་པའི་ལམ་ནས་འཕོ་ཆེན་གྱི་སྐུ་བརྙེས་ཡོད་པའི་ཐད་དུ་ཡང་ངག་རྒྱུན་དང་རྣམ་སྒྲུང་མང་དུ་མཆིས། མདོར་ན་ཁོང་ནི་བོད་ཀྱི་དཔའ་བོའི་མི་སྣ་གྲགས་ཆེན་གྱི་གྲས་ཤིག་ཡིན་པར་མ་ཟད། བོད་ཀྱི་ལྡོང་རིགས་གླིང་གི་རུས་ཚན་ཕྱི་མ་དག་གི་ཡང་མེས་དམ་པ་ཡང་ཡིན་ཚུལ། ཁོང་དང་ཡུམ་དར་བཟའ་གཡུ་སྒྲོན་ཟུང་ལ་སྲས་ཨ་མཉེན་རྒྱལ་བ་སྐྱབས་ཟེར་བ་འཁྲུངས། སྲས་འདི་ལ་མཚན་གྱི་རྣམ་གྲངས་མང་པས་ལོ་རྒྱུས་པ་ཚོར་ཉོག་དྲ་ཅུང་བྱུང་ཨེ་ཡོད་དམ་སྙམ་པའི་དཔྱད་སྒོ་ཡང་འདུག གང་ལྟར་འདི་ཡབ་སྲས་ཀྱི་སྐུ་དུས་སུ་གླིང་རྗེ་གེ་སར་གྱི་རྣམ་འཕྲུལ་དུ་གྲགས་པའི་བོད་ཀྱི་སྐྱེས་ཆེན། ཡེལ་བ་གྲུབ་ཆེན་ཡེ་ཤེས་བརྩེགས་གླིང་གི་རྒྱལ་སར་གདན་གྲངས་ཤིང་། མེས་པོའི་ཤུལ་བཞག་གི་ནང་རྟེན་དང་ཤུལ་བཞག་མང་པོ་ལ་རང་ནོམས་རང་བདག་མཛད་ཚུལ། བྱང་རྟ་རྣ་རྣམ་གྲོལ་ཐར་པ་ཆེན་པོའི་གླིང་གི་ལོ་རྒྱུས་མདོར་བསྡུས་བཀོད་པ་བཀྲ་ཤིས་ལྷ་ཡི་རྔ་སྒྲ་དང་། གླིང་ཚང་རྒྱལ་རབས་རྣམས་སུ་གསལ་ཚུལ་སོགས་དཔྱད་གཞི་འདུག་པས་གླིང་གེ་སར་ཞིབ་འཇུག་པ་སྤྱི་དང་ལྷག་པར་གླིང་ཚང་རྒྱལ་རྒྱུད་དང་འབྲེལ་ཡོད་པ་ཚོས་ལོ་རྒྱུས་དྲང་ཕྱོགས་ནས་འཚོལ་རྒྱུ་གལ་ཆེའོ། །

ཞེས་ལེགས་སྨོན་རི་མོའི་སྒྱུ་རྩལ་སློབ་གྲྭའི་སློབ་མ་འགའ་ལ་དགོས་མཁོ་བྱུང་བ་ལྟར་སྨིན་དབུས་པོས་དཔྱད་གཞིར་༢༠༡༣ ལོའི་ཟླ་དགུ་བའི་ཚེས ༢༥ ལ་འཕྲལ་དུ་ཕུལ་བ་དགེ།

ཀློག་གྲངས།:[2602]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com