སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མགོ་ལོག་ཨ་བཟོད་དགོན་པའི་གླིང་སྒྲུང་འཁྲབ་སྟོན་ལ་རྟེན་འབྲེལ་ཞུ།

༄༅།། གླིང་གེ་སར་རྒྱལ་པོའི་སྒྲུང་ལས།

འདན་སྲས་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོར་གླེང་བ་རིས་མེད་བསྟན་པའི་སྒྲོན་མེ་མཚན་ནས་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ྋཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་དག་སྣང་ཞལ་གཟིགས་ལ་གཞི་བཅོལ་ནས་བསྒྲིགས་ཤིང་གངས་ལྗོངས་ན་ལེནྡྲ་གསེར་ཐང་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་གིས་ཆེད་བཙུགས་གེ་སར་རྣམ་ཐར་ཚོགས་པ་མགོ་ལོག་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་གླིང་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པའམ་གཉན་པོ་གཡུ་རྩེ་གླིང་གེ་སར་རྟ་འཆམ་ཚོགས་པས་འཁྲབ་སྟོན་བྱས་པའི་རྒྱལ་བློན་ཞལ་འཛོམས་ཀྱི་ཟློས་གར་གླིང་དཀར་བཀྲ་ཤིས་མཉམ་འཛོམས་ཞེས་བྱ་བའི་བརྙན་སྡེར་ཁག་སྟོད་སྨད་གཉིས་ཅན་དེ། རིམ་པ་ཁག་གི་གེ་སར་རིག་གནས་ཆེད་མཁས་པ་དུ་མས་བསྔགས་བརྗོད་ཤིས་ཚིག་གི་མེ་ཏོག་འཐོར་བ་དང་འབྲེལ་མགོ་ལོག་ཁུལ་མང་ཚོགས་སྒྱུ་སྩལ་ཁང་དང་གཅིག་སྒྲིལ་རྫོང་རིག་གནས་ཅུའུ་དང་ས་གནས་སྲིད་གཞུང་དང་དམངས་ཚོགས་ཡོངས་གྱི་རྒྱབ་སྐྱོར་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་།

མིང་གྲགས་ཅན་གྱི་གླུ་བ་གཉན་པོ་གཡུ་རྩེའི་བུ་རྒྱུད་དམ་གླུ་བ་ཤེར་བསྟན་དང་གླུ་མ་གྲགས་ཅན་རྡོ་བ་ཚེ་སྐྱིད། གསར་སྐྱེས་གླུ་བ་གླུ་མ་གྲགས་ཅན། རྒྱལ་མཚན་དང་། སྤྱང་བཀྲ་ཤིས་རབ་བསྟན།ཨབ་བླུ། རྟ་མགྲིན། ཐོགས་མེད། རིན་ཆེན་མཚོ། ཧོར་གཙང་ལྷ་ལུང་མཚོ་སོགས་གྱི་ལྷག་བསམ་རྐྱང་རྐྱང་གིས་སྒྲུང་གླུ་སོགས་ལ་སྐད་སྦྱོར་ཕུན་སུམ་ཚོགས་པ་བྱས་ཤིང་སི་ཁྲོན་ཤམ་བྷ་ལ་སྒྲ་བརྙན་སྒྲིག་སྦྱོར་ཁང་གིས་བརྙན་ཕབ་སྒྲིག་དངམཚོ་སྔོན་ཙནྡན་ལོ་མ་མི་རིགས་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོལ་མོ་སྒྲིག་བཟོ་དང་སྒྲ་ཕབ་བསྐྲུན་གྱི་རོགས་རམ་ལ་བརྟེན།

པེ་ཅིན་མི་རིགས་པར་བསྐྲུན་ཁང་གིས་ཚད་ལྡན་ཚོང་རྟགས་དང་བཅས་པར་བསྐྲུན་བྱས་ཏེ་སྤྱི་ལོ་༢༠༡༤ལོའི་ཟླ་༣པའི་ཚེས༡༦དང་བོད་རབ་གནས་ཤིང་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་སྟེ་ལེགས་པ་བརྒྱད་འཛོམས་ཀྱི་དུས་ཚེས་བཟང་པོར་ཨ་བཟོད་དགོན་ནང་དུ་གདན་དྲངས་ཏེ་མི་རིང་བར་ཚོང་རར་འགྲེམ་རྒྱུ་ཡིན་པས་གྲོགས་པོ་རྣམ་པས་མངག་ཉོ་གནང་བ་དང་གེ་སར་དཔའ་བོའི་ཕྲིན་ལས་དང་ཡབ་རྗེ་བླ་མ་རིན་པོ་ཆེའི་ཐུགས་དགོངས་རྫོགས་ཤིང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་ཐུགས་སྨོན་མཐུན་འགྱུར་གནང་རོགས་ཞུ་ཞེས་གཉན་པོ་གཡུ་རྩེ་གླིང་གེ་སར་རྟ་འཆམ་ཚོགས་པས་འཁྲབ་ཁྲིད་མིང་འཛིན་པ་མཁར་རེ་དཀོན་མཆོག་སྲུང་ངམ་མཁར་གེ་སར་རྟ་རྫིས་རྨ་གཡང་ལྷ་ཡི་ལུང་པ་ནས་བྲིས་ཏེ་ཕུལ།

ཚོང་འབྲེལ་ཁ་པར།

13909755061
15809755889

ཀློག་གྲངས།:[694]

ཀློག་གྲངས།:[4189]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com