སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཤན་འདན་སྟག་སེང་གི་འཁྲབ་གཞུང་། ༼ ༥ ༽

འཁྲབ་ཚན་བཞི་པ།

མགོ་ལོག་འཇམ་དབྱངས་བློ་གྲོས།

སྟེང་ལྷ་ཡི་མཐུ་དང་གེ་སར་སྟོབས།།

བློན་འདན་མའི་འགྲོ་ལམ་ཁ་བའི་ཟུམ།།

མཐར་སློབ་དཔོན་པདྨའི་དགོངས་ལུང་བཞིན།།

བློན་འདན་མའི་ཆིབས་ཁ་གླིང་ལ་བསྒྱུར།།

སྐབས་འདིར་འདན་མ་དང་དམག་ཤོག་བཅས་ལམ་ལ་ཆས་རྟ་འགྲོས་ཀྱི་རོལ་དབྱངས་དང་

དམག་མི་ཚོའི་ལུས་ཀྱི་ལྡེམ་མྱུར་མངོན་དགོས། རྒྱང་རིང་དུ་རྟ་རྒྱུགས་ནས་སོང༌།

འདན་མའི་གླིང་ཡུལ་དྲན་པ།

འདན་མ། གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།།

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

གྲུབ་ཆེན་ས་ར་ཧ་པ་མཁྱེན།།

བུ་འདན་མ་སྐྱོ་བའི་གླུ་ལ་གསོན།།

སྔོན་གླིང་་དཀར་སྟོད་ཀྱི་ས་ཆ་ནས།།

དཔའ་ཚ་ཞང་འདན་མ་བྱང་ཁྲ་ང༌།།

གླིང་འདི་ར་ཚོགས་ཀྱི་གྲྭལ་མགོ་ཡིན།།

ཕ་ཁུ་བོའི་སེམས་ཀྱི་གཏད་སོ་ཡིན།།

གོང་རྒྱལ་པོའི་སེམས་ཀྱི་གཅེས་ཕྲུག་ཡིན།།

དུས་དེང་སང་གླེང་ན་སྡུག་གཏམ་རེད།།

ང་དགའ་ས་དཀར་པོ་གླིང་ཡུལ་ཡིན།།

ངའི་གཏད་ས་སྐུ་རྗེ་གེ་སར་ཡིན།།

ང་དུང་ས་གླིང་དཀར་ཕུ་ནུ་ཡིན།།

གདུང་འབུམ་པའི་རྒྱ་ཚ་ཞལ་དཀར་ལགས།།

བུ་འདན་མའི་སྐྱིད་སྡུག་ཨེ་གཟིགས་ལགས།།

དེ་གཟིགས་ན་ལམ་སྟོན་མཛད་དུ་གསོལ།།

ས་གླིང་དཀར་སྟོད་ཀྱི་དཔོན་བློན་རྣམས།།

སྐུ་དགོངས་འགལ་བཟོས་པ་མཐོལ་ལོ་བཤགས།།

བུ་འདན་མའི་འཇིག་རྟེན་མི་ཚེ་འདིར།།

སེམས་བསམ་པ་གླིང་དཀར་སྟོད་ལ་ཡོད།།

ལས་ཅི་འབྱུང་འགྱུར་མེད་གཏན་ཚིག་ཡིན།། དཔའ་ཡང་རྟུལ་འདན་མ་བྱང་ཁྲ་ངས།།

ས་གླིང་ཡུལ་དྲན་པའི་སྐྱོ་གླུ་ཡིན།།

དེ་ནས་དམག་མི་ཚོ་མཉམ་དུ་མདུན་བསྐྱོད་བྱེད།

དམག་མི་ཞིག ‘‘——ད་ཚང་མའི་ངལ་གསོས་ལ་ཇ་ཐབ་ཚུགས

ཀུན་ཀྱིས། ལགས་སོ

ས་དེར། གུར་ཕུབ། ཐབ་ཀ་བཟུང༌། ཇ་བསྐོལ།

ཇ་མཆོད། རཾ་ཡཾ་ཁཾ༔ ཨོཾ་ཨ་ཧཱུཾ༔ སློབ་དཔོན་པདྨ་འབྱུང་གནས་མཆོད། སྤྲུལ་པའི་གུ་རུ་མཚན་བརྒྱད་མཆོད། གྲུབ་པའི་རིག་འཛིན་ཆེན་པོ་མཆོད། མཆོད། བྱང་སེམས་ཉེ་བའི་སྲས་བརྒྱད་མཆོད།སྒྲུབ་ཆེན་བཀའ་བརྒྱད་ ལྷ་ཚོགས་མཆོད། མཚན་གྱི་སྲུང་མ་བྱོས། ཉིན་གྱི་སྐྱེལ་མ་བྱོས། སྔོན་གྱི་མི་ཡི་ལམ་ལྷ་མཛོད། རྗེས་ཀྱི་མི་ཡི་ཚེ་ལྷ་མཛོད། ཀི་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ

རྩེད་འཇོ་དང་ཇ་ཆང་བཞེས་ནས་འདུག་སྐབས།་

གློ་བུར་གནམ་རུབ་རླུང་གཡུག།

དམག་མི་ཞིག དམག་མི་རྣམས་པ། རླུང་འཚུབ་ཆེན་པོ་ཞིག་ཉག་ཁ་ནས་ཐོན་བྱུང༌། ཚང་མའི་དོགས་ཟོན་བྱོས གློ་བུར་དུ་སྤྲིན་ནག་འཚུབ། གློག་འཁྱུག འབྲུག་སྒྲ་ལྡིར། རླུང་གཡུག་ནས་དམག་མི་

ཚོ་ཁྱེར་ལ་ཁད་བྱེད། གུར་རླུང་གིས་གཏོར། ཐབ་ཁ་རྫོགས། དེའི་མཇུག་ཏུ་ཁ་བ་ཆེན་པོ་

བབས་ནས་འགྲོ་མི་ཐུབ་པ་བྱས།

དམག་མི་ཞིག་རྒྱུགས་འོང་ནས་འདན་མ་ལ་ཞུས་པ།

དམག་མི་ཞིག དམག་དཔོན་ལགས། ཁ་བ་ཆེན་པོ་འདིས་རི་ལུང་ཀུན་མནན་

འདུག་པ་མ་ཟད། དམག་མི་རྣམས་ཀྱི་ལུས་པོ་ཕྱིད་ལ་ཁད་དང་དམག་

རྟ་རྣམས་འགྲོ་ཐུབ་གྱིན་མི་འདུག དམག་དཔོན་ལགས་ད་ཅི་བྱེད

འདན་མ། ——འདི་ནི་གོང་མ་ལྷ་ཡི་བཀའ་ཆད་དང༌། གེ་སར་རྒྱལ་པོའི་

མཐུ་དང་རྫུ་འཕྲུལ་ཡིན་པ་ཁོ་ཐག་རེད། འོན་ཀྱང༌། དམག་མི་རྣམ་པ།

སེམས་ཁོ་ཐག་མ་ཆད་སྤོབས་པ་བསྐྱེད། ང་ཚ་ཞང་འདན་མའི་རྗེས་ལ་ ཤོག ང་འདན་མ་བྱང་ཁྲའི་མདའ་རྩལ་དེ། སུ་ཡི་འགྲན་ཀྱང་དོ་ཟླ་

མེད། ངའི་ལག་གི་ལི་མདའ་སྨུག་ནག་འདི། ས་ཆེན་གཡོ་བའི་

སྟོབས་ཤུགས་ཡོད། དེ་རིང་ཁ་བའི་སྟེང་ལ་འཕེན། ལྟོས་དང་

ཉོན་དང་དམག་མི་ཚོ།

ཞེས་འདན་མའི་ཁ་བ་ལ་གཏད་ནས་མདའ་འཕང་དུས། གློག་དམར་ཞིག་འཁྱུག་པ་དང༌།

འུར་སྒྲ་གྲགས་རྗེས་ཁ་བ་ཕྱེད་བགོས་བྱས། ལམ་དེར་ཞུགས་ནས་མི་རྟ་རྣམས་ལངས་མ་འགྱེལ་

གྱི་མདུན་དུ་བསྐྱོད་ཀྱང་ཐམས་ཅད་ཨ་ཐང་ཆད་པའི་ཉམས་ཐོན་དགོས།

ཐང་ཆད་ནས་ཐམས་ཅད་ཀྱི་ངལ་གསོ་བྱེད་བཞིན་ཕྱིར་གླིང་ཡུལ་ལ་བལྟས།

དམག་མི་ཞིག ‘‘ལྟོས་དང་གླིང་དཀར་སྟོད་ལ་ལྟོས་དང་བཀྲ་ཤིས་པའི་འཇའ་ཚོན་

ཤར་འདུག ངོ་མ་གནས་མཆོག་སྐྱིད་པོ་གླིང་ཡུལ་ནི་ལྷ་ཡུལ་དང་ཁྱད་

མི་འདུག

ཀུན་གྱིས།རེད་ཡ——ལྷ་ཡུལ་དང་ཁྱད་མི་འདུག

སྐབས་འདིར་དམག་མི་རྣམས་ཀྱིས་གླིང་ཡུལ་ལ་ལྟ་སྐབས། སྒྲ་དབྱངས་ཀྱི་གླིང་ཡུལ་

རྣམ་པ་སྟེ། བྱ་བྱེའུ་གྱི་སྒྲ་དང༌། ཆུ་ཕྲན་གྱི་སྒྲ ལུག་གི་འབའ་སྐད། རྟའི་འཚེར་སྐད་

བཅས་གོ་དགོས། དེའི་རྗེས་སུ་འདན་མའི་དམག་དཔུང་གི་ཀླད་ནས་འོད་ཞིག་འཕྲོས་དེ་གླིང་བུའི་

སྒྲ་གྲགས། དེ་ནས་པདྨ་འབྱུང་གནས་འཇའ་འོད་ཀྱི་ཀློང་ནས་གསལ་དགོས།

འདན་མ་དང་བཅས་པའི་ཕྱག་འཚལ་བཞིན།

སློབ་དཔོན། མགུརསྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད།།

འདན་མ་འདི་ལ་ཐུགས་རྗེས་གཟིགས།།

ང་དང་ང་ངོ་མ་ཤེས་ན།།

སྤྲུལ་སྐུ་པདྨ་འབྱུངུ་གནས་ཡིན།།

དེ་ནས་ཉོན་དང་འདན་མ་བློན།།

གླིང་དཀར་པོའི་བསྟན་པ་ཡར་རྒྱས་ཡིན།།

སེང་ཆེན་དཔོན་ལ་འགྲོག་ན་བཟང༌།།

ད་གླིང་དཀར་སྟོད་ལ་ཕྱིར་ཕེབས་གྱིས།།

དཔོན་རྒྱ་ཚ་བདེ་ཆེན་ཞིང་ན་ཡོད།།

ཤར་གླིང་དཀར་སྟོད་ཀྱི་ས་ཆ་ལ།།

སང་ཉིན་མོ་ལྷ་བབས་བྱེད་རྒྱུ་ཡིན།།

དཔའ་རྒྱ་ཚ་གླིང་ནས་མཇལ་རྒྱུ་རེད།།

བློན་འདན་མ་ལ་མོར་ཕྱིར་ལ་ཕེབས།། ཞེས་ནམ་མཁའི་མཐོང་སུ་འཕགས

འདན་མ་ཧ་ཅང་དགའ་སྤྲོའི་ངང་ནས་དམག་ཚོགས་ལ།

འདན་མ།——ཉོན་དང་ང་ཡི་དམག་དཔུང་ཚོ། སློབ་དཔོན་པདྨ་འབྱུང་

གནས་དེས། ང་ཚོ་དགའ་བའི་དགྱེས་ཞལ་ངོམ། ད་དུང་བརྩེ་བའི་

མཛུབ་སྟོན་གནང༌། ང་འདན་མ་གཞན་ལ་མ་འགྲོ་གསུངས། ཤར་

གླིང་དཀར་སྟོད་ལ་ཕྱིར་ལོག་ན། དཔའ་རྒྱ་ཚ་ལྷ་ནས་འབབ་རྒྱུ་རེད།

ངེད་དཔོན་བློན་མཉམ་འཛོམས་བྱུང་རྒྱུ་རེད། སྡུག་འདི་འདྲ་མྱོང་པའི་

དགོས་པ་མེད། ང་ཚོ་རང་ཡུལ་གླིང་དཀར་སྟོད་ལ་འགྲོ

དམག་མི་རྣམས་ཀྱིསརང་ཡུལ་ལ་འགྲོ

ཞེས་དགའ་བའི་ས་ལྡིང་གནམ་ལྡིང་བྱས

¿ང་ཚོ་གླིང་ཡུལ་སྟོད་ལ་འགྲོ།¿

ཞེས་རྟ་འགྲོས་བྱེད་བཞིན་ཕྱིར་ལོག

¿འཁྲབ་ཡོལ་བསུམས། འཁྲབ་ཚན་ལྔ་པ།

གླིང་དཀར་པོའི་མཆོད་བསྟོད་བསང་འབུལ་མཐུས།།

དཔའ་རྒྱ་ཚ་གླིང་ལ་ལྷ་བབས་མཛད།།

བློན་ཤན་འདན་སྟག་སེང་ཁ་སྤྲོད་བྱུང༌།།

གླིང་ལྷ་སྡེ་དགའ་སྤྲོའི་ཡོ་ལང་རྒྱས།།

རྒྱབ་ལྗོངས་ཕོ་བྲང་སེང་འབྲུག་སྟག་རྩེད་དེ་བརྗིད་ཅིང་རྔམ་ལ་དཔང་མཐོ་བ། རྩེ་མོ་

ན་སེང་གེ་དང་སྟག གཡུ་འབྲུག་བཅས་རྩེད་གར་གྱི་ཚུལ་དུ་མཉམ་དུ་གནམ་ལ་མཆོང་ ཉམས་ཐོན་དགོས། མདུན་ཕྱོགས་ཡངས་པའི་སྤང་ལྗོངས་སྟེང་ན་དཀར་དམར་མེ་ཏོག་

སྣ་ཚོགས་བཞད་ལ་རྒྱ་ཆེ་དགོས། དགའ་སྤྲོའི་རོལ་དབྱངས་ཞིག་གི་ཁྲོད་ནས་མི་རྣམས་ཕར་རྒྱུགས ཚུར་རྒྱུགས་བྱེད་བཞིན།

མི་དམངས། ‘‘འདན་མ་ཕྱིར་ཕེབས་བྱུང༌། འདན་མ་གླིང་ཡུལ་ལ་ཕེབས་བྱུང༌།

ཞེས་འུར་ལབ

སྤྱི་དཔོན་དང་ཁྲོ་ཐུང༌། སེང་བློན་བཅས་ཀྱི་དར་བཟུང་ནས་བསུུ་རུུ་ཕེབས། འགག་

བཟའ་དང་རྒྱ་བཟའ་དར་བཟའ་བཅས་ཀྱི་ཆང་དེམ་དང་ཆང་ཕོར་བཟུང་ནས་ཐོན།

འདན་མ་དཔོན་གཡོག་མདུན་ཕྱོགས་ནས་ཚུར་འོང༌། སྤྱི་དཔོན་སོགས་ཀྱིས་

ཞུས་པ།

སྤྱི་དཔོན་སོགས། ‘‘འདན་མ་དཔོན་གཡོག་སྐུ་ཁམས་བདེ་མོ་ཡིན་ནམ། ཞེས་ཁ་བཏགས་ཕུལ། འགག་བཟའ་སོགས་ཀྱིས་ཆང་དྲངས།

སྤྱི་དཔོན། ‘‘དཔའ་ཚ་ཞང་འདན་མ་བྱང་ཁྲ་ལགས། ཁྱེད་གླིང་ལ་ཕེབས་པ་ དགའ་སྤྲོ་ཆེ། ཁྱེད་རྒྱལ་བློན་ཁ་སེམས་མཐུན་པ་ན། འཇང་ནག་པོ་ འདུལ་བ་ལག་མཐིལ་རེད། དགྲ་ནག་པོ་འདུལ་རྒྱུ་སླ་མོ་རེད།

ང་ཨ་ཁུས་བསམ་དོན་འགྲུབ་ལེ་རེད། བློན་འདན་མའི་ཚེ་ཐག་རིང་

བར་ཤོག

ཁྲོ་ཐུང༌། ‘‘དཔའ་ཚ་ཞང་འདན་མ་བྱང་ཁྲ་ལགས། སྐུ་ཁམས་བདེ་

མོ་ཡིན་ནམ

འདན་མ། ‘‘སྤྱི་དཔོན་རྒྱལ་པོ་གཙོ་མཛད་པའི།།

སྟག་རུང་དཔོན་པོ་ཁྲོ་ཐུང་ལགས།།

ང་གླིང་དཀར་སྟོད་ལ་ཡོང་བ་འདི།།

རྗེ་སློབ་དཔོན་པད་མའི་ལུང་བསྟན་ལ།།

དཔའ་རྒྱ་ཚ་ལྷ་བབས་ཡོད་དོ་གསུང༌།།

དོན་དེ་ཕྱིར་གླིང་དཀར་སྟོད་ལ་ཡོང༌།།

གླིང་དཀར་པོའི་བསམ་དོན་འགྲུབ་པར་ཤོགས།།

ཀུན་ཀྱིས། ཨོ་རེད་ཡ། ལགས་སོ།

སྐུ་འཁོར། གེ་སར་རྒྱལ་པོ་ཕེབས་བྱུང༌།

དེ་ནས་སེང་ཆེན་རིན་པོ་ཆེ་དེ་མགོ་ནས་གདུགས་བསྐོར། གཡས་གཡོན་ནས་དར་གཤང་

དང་འཕན་སོགས་འཛིན་པའི་འཁོར་གྱི་བསྐོར་ནས་ཕེབས་པ་དང༌།

གདན་མཐོ་བ་ཙམ་འཇོག དམག་ཐམས་ཅད་འདུས།

གེ་སར། ‘‘——ཉོན་དང་གླིང་རུས་སྡེ། འདན་མ་རང་ཡུལ་གླིང་ལ་ཕེབས། ཕུ་ནུ་མཉམ་འཛོམས་དགའ་སྤྲོས་ཁེངས། ད་དུང་དེ་བའི་མི་ཚད་པའི༌།

དེ་རིང་གཟའ་སྐར་ཤིན་ཏུ་བཟང༌། དཔའ་རྒྱ་ཚ་ལྷ་ནས་འབབ་

རྒྱུ་ཡིན

ཐམས་ཅད། ‘‘ལགས་སོ

དེ་རྗེས་རག་བཟའ་དང་དགྲ་ལྷ་རྩེ་རྒྱལ་གཉིས་ཀྱི་ཁ་བཏགས་རེ་བཟུང་ནས་སྔོན་ལ་བུད།

དགྲ་ལྷ། ‘‘ཨ་མ་ལགས། དེ་རིང་ཕ་རྒྱ་ཚ་ལྷ་ནས་བབས་དེ་ངེད་ཁྱིམ་མི་མཉམ་

འཛོམས་བྱུངུ་རྒྱུ་རེད། ངེད་མ་བུ་དེ་རིང་དགའ་སྤྲོ་མི་ཆེ་འམ།

རག་བཟའི་མདུན་གྱི་ནམ་མཁར་ལྟ་བཞིན་སྐྱོ་བའི་ངང༌།

རག་བཟའ། ‘‘ངས་ཚེ་གྲོགས་རྒྱ་ཚ་ཞལ་དཀར་དེ་ཧོར་ལ་ཤོར༌། བུ་ཆུང་ཁྱོད་ དང་ངེད་མ་བུུ་གཉིས་ཤུལ་དུ་ལུས། ད་ཞལ་ལན་གཅིག་མཇལ་རྒྱུ་བྱུང་

རུང་ཕྱིར་ལྷ་ཡུལ་ལ་ཕེབས་འགྲོ་བའི་ཡིད་མུག་པ་ཞིག་རེད།

དགྲ་ལྷ། ‘‘ཨ་མ་ལགས། དེ་ཁྱོད་ཀྱི་བསམ་མ་ཤེས་པ་རེད། ཨ་ཕ་བདེ་

ཆེན་ཞིང་ལ་ཡོད་ཀྱང་ཕྱིར་རང་ཅག་ལ་དགྱེས་ཞལ་ངོམ་པ་དེ་ང་ཚོའི་

བསོད་ནམས་རེད། ཨ་མ་ལགས་ལྟོས་དང༌། གནམ་གྱི་འོད་ཆེན་པོ་གན་

ཅི་ཞིག་རེད།

སྐབས་དེར་འོད་དཀར་པོ་ཞིག་འདན་མའི་སྟེང་ལ་འཕྲོས། གླིང་བུའི་སྒྲ་དང་མཆོད་ཆས་

ཀྱི་སྒྲ་དབྱངས་ཁྲོད་གནམ་ནས་མེ་ཏོག་གི་ཆར་བབས་གླིང་དམག་རྣམས་ཀྱིས་དགའ་སྤྲོའི་གནམ་

ལ་མཆོང༌།

མི་དམངས༌། ‘‘རྒྱ་ཚ་ལྷ་བབས་བྱས་བྱུང༌། ལྷ་རྒྱལ་ལོ། ཀའི——ལྷ་རྒྱལ་ལོ།

ཞེས་འུར་རྒྱབ

རྒྱ་ཚ་དེ་ཁྲབ་རྨོག་གསོལ་ཞིང་གཡས་གཡོན་དུ་ལྷ་མོ་གཉིས་ཀྱིས་མཆོད་རྫས་བརྣམས་ནས་འདན་མའི་ཐད་དུ་ཕེབས། ལ་ལའི་ཕྱག་འཚལ། ལ་ལའི་གསོལ་བ་བཏབ།

ལྷ་མོའི་ཚོགས་ཀྱི་གར་འཁྲབ།

རྒྱ་ཚ། ‘‘གླིང་གེ་སར་རྒྱལ་པོ་གཙོར་མཛད་པའི། གླིང་རུའི་དཔའ་རྟུལ་རྣམ་པ་བདེ་ལགས་སམ། སྨན་རག་བཟའི་སྐུ་ལུས་བདེ་ལགས་སམ། སྲས་དགྲ་ལྷ་འཚར་ལོངས་བྱུང་བར་སྤྲོ། བློན་ཆེན་འདན་མ་བྱང་ཁྲ་

ལགས། ང་འབུམ་ པའི་རྒྱ་ཚ་ཞལ་དཀར་ཡིན། དེ་རིང་ཁྱོད་ལ་ལྟ་རུ་ཐོན། ཉོན་དང་ ང་ཡི་གླུ་ལ་ཉོན།

གླུ གླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

སྐྱབས་རྒྱལ་བ་རྒྱ་མཚོས་ཞབས་ལ་འདུད།།

བློན་འདན་མ་ཁྱོད་ལ་ཞེ་ནད་ཆེ།།

ད་ཨུ་ཚུཊ་མ་བྱེད་ང་ལ་ཉོན།།

སྡིག་གཅོད་ཤན་པ་མེ་རུ་འདི།།

དཀར་པོ་གླིང་ལ་ལྷག་བསམ་ཡོད།།

ཧོར་གླིང་འཁྲུག་པ་བྱེད་ཉིན་ལ།།

ཤན་པ་འདི་ལ་ལན་པ་མེད།།

ལན་པ་ཞལ་དཀར་ང་རང་ཆེ།།

མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།།

དྲིན་ཆེ་བ་སེང་ཆེན་རྒྱལ་པོ་རེད།

དེར་ལྟ་བ་མ་ལོག་ཕ་ཡི་བུ།།

ཁྱོད་ཤན་འདན་འདུན་མ་འགྲིག་དང་གཅིག།

སྲས་དགྲ་ལྷའི་དཔུང་རོགས་བྱེད་དང་གཉིས།།

མ་རག་བཟའི་སྐྱིད་སྡུག་བལྟ་དང་གསུམ།

ལས་དེ་གསུམ་འགྲུབ་ན་ང་ཡི་དོན།།

ང་རྒྱ་ཚའི་བསམ་པ་རྫོགས་ལེ་ཡིན།།

བློན་འདན་མའི་ཐུགས་ལ་དེ་ལྟར་ཞོགས།།

དེ་ནས་འདན་མས་པུས་མོ་ས་ལ་བཙུག་ནས་སྐྱོ་བའི་ངང༌།

འདན་མ། ‘‘གདོང་ཞལ་དཀར་ལྷ་ཡི་སྲས་པོ་ལགས། ང་མངོན་ཤེས་མེད་པས་

ལས་འདི་བསྒྲུབས། དཔའ་རྒྱ་ཚ་ཁྱེད་ལ་ཞེ་འདང་ཆེ། ཁྱེད་ལྷ་ཡུལ་

བཞུགས་པ་མ་ཤེས་ནས། ངས་ཤན་པ་དཔོན་ལ་འཁྲུག་པ་བརྒྱབ།

མ་ཤེས་ལས་བསག་མཐོལ་ལོ་བཤགས། ད་ཞལ་དཀར་ཁྱེད་ཀྱིས་

ཅི་གསུང་བསྒྲུབ། ཕྱིར་ཤི་གསོན་ཐུག་རྒྱུ་དཀའ་མོ་རེད། ཁྱེད་མཇལ་

བ་གླིང་རུའི་བསོད་ནམས་རེད། ཁྱེད་ངོ་མཚར་ཆེ་འོ་བཀའ་དྲིན་ཅན།

བློན་འདན་མ་ཐུགས་རྗེས་འཛིན་རོགས་ཞུ།

སྤྱི་དཔོན་དགའ་སྤྲོའི་རྣམ་པ་རྒྱས་བཞིན།

སྤྱི་དཔོན། ‘‘——དེ་རིང་ཚ་བོ་རྒྱ་ཚ་ལྷ་བབས་བྱུང་བ་དང་སྐུ་དངོས་སུ་མཇལ་

བ་ངོ་མཚར་ཤིན་ཏུ་ཆེ། གླིང་དཔའ་རྟུལ་འདས་གྲོང་ཤོར་བ་ཐམས་ཅད་ དང༌། ད་ལྟ་འཚོ་བཞིན་པའི་དཔོན་བློན་འབངས་མི་བཅས་ཁྱེད་ཀྱི་

ཐུགས་རྗེས་འཛིན་རོགས་ཞུ།

གླུགླུ་ཨ་ལ་གླིང་པའི་ལེན་ལུགས་རེད།།

གླུ་ཐ་ལ་དལ་བ་རིང་མོས་བརྒྱན།།

དཔའ་རྒྱ་ཚ་ལྷ་ཚོགས་འཁོར་དང་བཅས།།

ཁྲ་ཤིགས་གེར་ཕེབས་པ་ངོ་མཚར་ཆེ།།

གསལ་ལྷང་ངེར་མཇལ་བ་སྤྲོ་དགས་ཚིམས།།

གླིང་ཕུ་ནུ་མཉམ་འཛོམས་ཡག་རེ་ལྟོས།།

སྐུ་མཚན་དཔེས་བརྒྱན་པའི་དམག་དཔོན་ལགས།།

ཁྱེད་བཞུགས་ཡུལ་ཞིང་གཞན་ཡིན་ན་ཡང༌།།

བསྟན་འགྲོ་བའི་ལས་དོན་བོར་མེད་དགོས།།

ས་གླིང་ཡུལ་ཐུགས་ནས་མ་བོར་ལགས།།

ནང་ཕུ་ནུ་བློ་ནས་མ་བརྗེད་ལགས།།

ངེད་ཕན་ཚུན་མཛའ་བརྩེ་མ་ཡལ་ལགས།།

སྤྱིར་གླིང་ལ་ཁ་འཛིན་གནང་རོགས་ཞུ།།

སྒྲ་དབྱངས་སྐྱོ་ཉམས་ཅན་ཞིག་དང་འགྲོག་ནས་སྤྱི་དཔོན་གྱིས་འགོ་བྱས་གླིང་དཔའ་རྟུལ་

རྣམས་གྱི་སྐོར་བ་བྱས།

དགྲ་ལྷ་རྩེ་རྒྱལ་ངུ་འབོད་བྱེད་བཞིན་སྔོན་ལ་རྒྱུགས།

དགྲ་ལྷ། ‘‘ཨ་ཕ་ལགས་ང་བུ་ཕྲུག་ཕ་མེད་དྭ་ཕྲུག་ཡིན། ཁྱེད་གླིང་ནས་ བཞུགས་རོགས་ཨ་ཕ——

ཞེས་ཕར་རྒྱུགས་ཚུར་རྒྱུགས་བྱས་པའི་མ་རག་བཟའི་ཁོ་བཟུང་ནས་ཁ་ཏ་སློབ་གསོ་བྱེད།

རག་བཟའ། གླུསྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་མཁྱེན།།

སྲུ་རག་བཟའི་ཤེལ་དཀར་དྲུག་འགྱུར་ལེན།།

གདུང་ཞལ་དཀར་ལྷ་ཡི་སྲས་པོ་ལགས།།

མར་གཟིགས་དང་གླིང་པའི་ཚོགས་ལ་གཟིགས།།

ཡང་ལྟོས་དང་རག་བཟའ་མ་བུ་ལྟོས།།

གླིང་ཕུ་ནུས་ཞལ་རས་སྐྱོ་བའི་ཁེངས།།

ངེད་མ་བུའི་སེམས་པ་སྡུག་གིས་ཁེངས།།

ཁྱེད་ཞིང་ལ་གཤེགས་ཚུལ་བསྟན་པ་ཡི།།

གླིང་དཀར་པོ་རྒྱས་པའི་དབུ་རྒྱན་ལྷུང༌།།

སྨན་རག་བཟའི་སེམས་ཀྱི་བྱེད་ཀ་ཡལ།།

ངའི་སྙིང་གྲོགས་ཞལ་དཀར་ཡང་གཅིག་གསོན།།

སྤྱིར་གླིང་ལ་ཁ་འཛིན་སྡོངས་གྲོགས་དགོས།།

དགོས་དགྲ་ལྷ་རྩེ་རྒྱལ་ལམ་སྟོན་དགོས།།

དོན་དེ་ཚོ་ཐུགས་ལ་འཛིན་རོགས་ཞུ།།

རྒྱ་ཚ། གླུགླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

བླ་མ་འོད་དཔག་མེད་མགོན་མཁྱེན།།

བདེ་ཆེན་ཞིང་དུ་ལམ་སྣ་དྲོངས།།

ཚ་ཞང་འདན་མ་བྱང་ཁྲ་དང༌།།

སྡིག་གཅོད་ཤན་པ་རྒྱལ་པོ་གཉིས།།

ངན་འཕྲོ་ཆོད་ལ་བཟང་འཕྲོ་མཐུད།།

ད་ནི་བློ་སེམས་གཅིག་དྲིལ་གྱིས།།

སྲས་དགྲ་ལྷ་འདི་ལ་ཁ་ཏ་གྱིས།།

སྨན་རག་བཟའ་འདི་ཡི་སྐྱིད་སྡུག་ལྟོས།།

ང་རྒྱ་ཚ་དག་པའི་ཞིང་ལ་འགྲོ།།

གླིང་ལྷ་སྡེ་སྐུ་ཁམས་བདེ་བར་བཞུགས།།

ཀུན་གྱིས། ‘‘ལགས་སོ

དེ་ནས་རྒྱ་ཚ་ལྷ་ཡུལ་ལ་ཕེབས། དཔའ་རྟུལ་ཡོངས་ཀྱི་གུས་འདུད་ངང་མགོ་སྒུར་ནས་ཕྱི་

ནུར་བྱས་དེ་མཐའ་ལ་ནུབ་པ་ཙམ་བྱས་དེ་སླར་ཡང་སྒྲ་དབྱངས་དགའ་སྤྲོའི་རྣམ་པ་ཅན་ཞིག་གི་

ཁྲོད་ནས་འདན་མ་དང་ཤན་པ་གཉིས་ཕན་ཚུན་བྱས་ཏེ་གེ་སར་སྐུ་མདུན་དུ་འོང༌།

ཤན་པས་འདན་མ་ལ་དར་དམར་པོ་འདོམ་གང་གི་སྣེ་ལ་གསེར་གྱི་མཆོད་རྟེན་བཏགས་

ནས་ཕུལ། འདན་མས་དར་དཀར་པོ་འདོམ་གང་གི་སྣེ་ལ་ནོར་བུ་ཞིག་བཏགས་ནས་ཤན་ པ་ལ་ཕུལ།

འདན་མ།

‘‘དཔའ་རྒོད་འཛོམས་པའི་ཤན་པ་ལགས།།

ང་འདན་མའི་བྱ་བཞག་ནོར་འཁྲུལ་སོང༌། །

བློན་ཤན་པ་ཁྱེད་ལ་ཐུགས་འགལ་བཟོས། །

ངས་མ་ཤེས་ཉེས་པ་མཐོལ་ལོ་བཤགས། །

ཞེས་གུས་འདུད་བྱེད

ཤན་པ།

‘‘བློན་ཚ་ཞང་འདན་མ་བྱང་ཁྲ་ལགས།

སྐྱོན་ནོར་འཁྲུལ་ཐམས་ཅད་ཤན་པར་ཡོད།

བསམ་མ་ཡིན་ལས་ཀྱི་བསྐོས་ཐང་མང༌།

བློན་འདན་མའི་བཟོད་བསྒོམ་གནང་རོགས་ཞུ།

ཞེས་ཕར་ལ་གུས་འདུད་བྱེད

གེ་སར། ‘‘—— ཉོན་དང་བློན་ཆེན་རྣམ་པ་གཉིས། མ་འཛིང་མ་བཤད་མཐུན་ཐབས་མེད།། མ་བསྟན་མ་རིག་གསལ་ཐབས་མེད།

ཕུ་བོ་ཞལ་དཀར་སྐུ་དྲིན་གྱིས།

ཤན་འདན་སྟག་སེང་ཁ་སྤྲོད་བྱུང༌།

དེ་རིང་ཉི་མ་ཕན་ཆད་ནས།

གླིང་དཀར་པོའི་ལས་དོན་བསྒྲུབ་རྒྱུ་གྱིས།

ཕོ་ཁྱོད་གཉིས་མཐུན་པའི་གཏན་ཚིག་ཞོགས

གཉིས་གིསལགས་སོ——

ཤན་འདན་གཉིས་གྱིས་ཕན་ཚུན་ལག་པ་སྦྲེལ་ནས།

ཤན་འདན། ‘‘དེ་རིང་ཉི་མ་ཕན་ཆོད་ལ། ཤན་འདན་དཔུང་པ་མཉམ་གཤིབ་ཡིན།

སེང་ཆེན་རྒྱལ་པོའི་བཀའ་ལ་བརྩི། གོང་མ་ལྷ་ཡི་དམ་ཚིག་བསྲུང༌།

དགྲ་སྡེས་མགོ་བོ་མཉམ་གནོན་བྱེད། འབངས་དང་སྡེ་བ་མཉམ་སྐྱོང་

བྱེད། ཕུ་ནུའི་མཛའ་བརྩེ་སེམས་ལ་བཅིངས། ལྷ་དཀོན་མཆོག་གསུམ་པོ་ དཔང་པོར་འཇོག

ཞེས་ཕན་ཚུན་མགུལ་ལ་འཁྱུད། དཔའ་རྟུལ་རྣམས་གྱི་ལྷ་རྒྱལ་ལོ་ཞེས་ཤན་འདན་གཉིས་

གནམ་ལ་བཀྱག་དགའ་སྤྲོ་ཚད་མེད་བྱེད།

མི་དམངས། ‘‘ལྷ་རྒྱལ་ལོ

སྤྱི་དཔོན། —— རྣམ་པ་ཚོ། ད་བསམ་དོན་ཐམས་ཅད་འགྲུབ་ནས་སོང༌།

མང་པོ་མི་བཤད་ཉོག་གཏམ་རེད། ཤན་འདན་གཉིས་ཀ་འདི་ལྟར་

འགྲིག་ཅིང་མཐུན་པ་ནི་ང་ཚོ་གླིང་པའི་བསོད་ནམས་རེད། ད་ལྟ་དགའ་

སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟེན་འབྲེལ་གྱིབྲོ་གར་ཞིག་་་་་་་་་་

འབུལ་ཤོགས

ཕོ་མོ་ཡོངས་ཀྱིས‘‘ལགས་སོ།

གླིང་པ་ཡོངས་ཀྱི་སྐྱིད་པའི་བྲོ་གར་ཆེན་མོའི་འགོ་བརྩམས།

བཀྲ་ཤིས་ཞི་བདེའི་བྲོ་རྭ།

འཛམ་གླིང་མི་ཡི་ཉི་མ།།

སེང་ཆེན་ནོར་བུ་དགྲ་འདུལ།།

མཛད་འཕྲིན་དབྱར་གྱི་རྔ་སྒྲ།།

ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས།།

གླིང་དཀར་དཔའ་རྟུལ་སུམ་ཅུའི།།

མཐུ་སྟོབས་དཔུང་ཤུགས་ངར་མ།།

དགྲ་བླའི་གཟི་བྱིན་ལམ་ལམ།།

འགྱུར་མེད་བརྟན་པའི་བཀྲ་ཤིས།།

ཞི་བདེའི་འོད་སྣང་དཀར་པོ།།

ཕྱོགས་བཅུའི་ཐ་གྲུར་ཁྱབ་སྟེ།།

སྐྱེ་དགུ་བདེ་ལྡན་དཔལ་དུ།།

ཡུན་དུ་གནས་པའི་བཀྲ་ཤིས།།

ཕྱི་རུ་འཇིག་རྟེན་བརྟན་ཅིང༌།།

ནང་དུ་སྐྱེ་འགྲོ་བདེ་བ།།

བདེ་ལེགས་དར་དཀར་རིང་མོ།།

སྲིད་མཐར་བསྲིང་པའི་བཀྲ་ཤིས།།

མཇུག

ཀློག་གྲངས།:[165]

ཀློག་གྲངས།:[3994]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com