སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཤན་འདན་སྟག་སེང་གི་འཁྲབ་གཞུང་། ༼༡༽

ཤན་འདན་སྟག་སེང་ཁ་སྤྲོད་ཀྱི་ཟློས་གར་འཁྲབ་གཞུང་དཔའ་བོའི་སྙིང་གི་བདུད་རྩི།

མགོ་ལོག་འཇམ་དབྱངས་བློ་གྲོས།

གླེང་གཞི།

དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་དཔའ་རྟུལ་རྣམས་ཀྱིས་ནག་པོ་བདུད་སྡེ་དང་སེར་པོ་ཧོར་སྡེ་བཅས་ཆམ་ལ་ཕབས་

ནས་རྒྱལ་ཁའི་ངང་ཕྱིར་གླིང་དཀར་སྟོད་ལ་འབྱོར་སྐབས་ནང་འགལ་བྱུང་བ།

དུས་ཚོད།སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོར། ས་གནས། ཁྲ་མོ་གླིང་གི་ས་རྨ་རྐེད་ལུ་གུའི་རྩེད་རྭ། འཁྲབ་གཞུང་ནང་གི་མི་སྣ། པདྨ་འབྱུང་གནས། སྤྲུལ་སྐུའི་ཞིང་ཁམས་ཀྱི་སངས་རྒྱས། གླིང་རྗེ་གེ་སར། གླིང་གི་རྒྱལ་པོ།སེང་ལྕམ་འབྲུག་མོ། རྒྱལ་པོའི་བཙུན་མོ། རོང་ཚ་ཁྲ་རྒན། གླིང་གི་སྤྱི་དཔོན།དཔོན་པོ་ཁྲོ་ཐུང༌། གེ་སར་གྱི་ཁུ་བོ།རྒྱ་ཚ་ཞལ་དཀར། སྐབས་འདིར་ལྷ་ཡུལ་གྱི་སྲས་ཤིག ཚ་ཞང་འདན་མ། གླིང་གི་བློན་ཆེན། ཤན་པ་མེ་རི། ཧོར་གྱི་བློན་ཆེན།དགྲ་ལྷ་རྩེ་རྒྱལ། རྒྱ་ཚའི་སྲས།སེང་སྟག་ཨ་དོམ། གླིང་གི་བློན་ཆེན། རག་བཟའ་ལྷ་མོ། རྒྱ་ཚའི་ཡུམ།ཐང་རྩེ་གཡུ་འབྲུག ཧོར་གྱི་བློན་ཆེན། ཨ་སྟག་ཀླུ་མོ། བདུད་ཀྱི་བློན་ཆེན། གུ་རུའི་མཆོག་ཟུང༌། མནྡ་ར་བ། ཡེ་ཤེས་མཚོ་རྒྱལ།རྒྱ་ཚའི་མཆོག་ཟུང༌། ལྷ་མོ་གཉིས། སྤྱི་ཁྱབ་མི་སྣ། འཁྲབ་སྟོན་པ་བདུན་ཅུ་ལྷག་གིས་གྲུབ།

སྔོན་འགྲོའི་གླུ།

ལྷུན་ཆགས་གངས་དཀར་བརྗིད་ཀྱི་འགྱིང༌།། རྨ་རྒྱལ་སྤོམ་རའི་དབུ་འཕང་མཐོ།། གེ་སར་རྒྱལ་པོའི་མཐུ་སྟོབས་རྒྱས།། རྨ་ཡུལ་གླིང་དཀར་ཀུན་ལས་མཛེས།། ཡངས་པའི་རྩྭ་ཐང་མེ་ཏོག་བཀྲ།། རྨ་ཀླུང་ཕྱུག་མོའི་འཁྱུགས་གར་བསྒྱུར།། ཁྲ་མོ་གླིང་གི་རིགས་རྒྱུད་དར།། སྨུག་པོ་ལྡོང་འདི་ཀུན་ལས་རྒྱལ།།སྐྱོར་ལེནལྷ་ཆེན་རྨ་རྒྱལ་སྤོམ་ར། མི་ཆེན་གེ་སར་རྒྱལ་པོ། སྡེ་ཆེན་རྨ་ཡུལ་གླིང་དཀར།མཐོང་སྨོནཞིང་གི་རྒྱན་རེད། སྔོན་འགྲོའི་འཁྲབ་ཚན།ཡོལ་བ་ཕྱེ་མ་ཐག་ཧོར་ཤན་པ་དེ་ཆེད་གློག་འོག་དུ་འཇིག་སུ་རུང་བའི་ཁྲིམས་རྭར་ཚུད་ནས་དམག་མི་མང་པོ་སྒོ་ཁར་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག སྐབས་དེར་ཁྲོ་ཐུང་འོད་གོར་ཞིག་དང་འགྲོགས་དེ་ཤན་པའི་འགྲམ་ནས་བུད། དཔུང་པ་ཕུར། ཧ་ཅང་རྫིག་ཉམས་བཏོད།ཤན་པའི་སྔོན་ནས་གཡས་འགྱུར་གཡོན་འགྱུར་འགའ་བྱེད་བཞིན་བཤད་རྒྱུར།

ཁྲོ་ཐུང༌། —— ཧོར་གྱི་ཤན་རྒན་དམར་རྒྱ། ཁྱོད་ལྕགས་ཐག་ངོ་ལ་འདོགས་ལུགས་འདི། ཁྱི་རྒན་ཞིག་དང་ཁྱད་མི་འདུག ངོ་ཤ་ཐུར་ལ་དྲུད་ལུགས་འདི། སྤྱང་རྒན་ཞིག་དང་ཁྱད་མི་འདུག ཅི་རེད། ཁ་གྲགས་རྒྱུ་མེད་པ་ལྐུགས་སོང་བ་མ་ཡིན་ནམ། ཡ—— ;ཧོར་གྱི་ཤན་རྒན༌། རྐང་ཐང་གི་ལག་པ་བསྲིང་ན། ཨ་སྔོན་གནམ་ལ་ཨེ་ཐུག་གི ཁྱོད་ཞ་བོའི་པུས་ནུར་བྱས་པས་ན།རི་བོང་རྗེས་ལ་ཨེ་ཆོད་གི ཧོར་གུར་དཀར་དང་ཤན་པ་དཔུང་སྡེབ་འདི། གླིང་རྒྱལ་པོའི་དོ་ཡ་ཨེ་ཡོང་གི ཞེས་ངོ་ལ་མཆིལ་ཞགས་བརྒྱབ། ལུས་ལ་རྡོག་ཐོ་བརྒྱབ། ཅི་ཐུབ་གང་ལྕོགས་ཀྱིས་བརྙས་བཅོས་བྱས། སྐབས་དེར་ཧོར་གྱི་ཤན་པ་དེ་ཧ་ཅང་ཁྲོས་ནས་དཔུང་ཤ་འཕགས༌།ཁྲོ་ཉམས་དང་བཅས། ཤན་པ། ——དཔོན་ངན་ཁྲོ་ཐུང་ཁྱོད་སྡོད༌། ཁྱོད་སྡོད ང་ཤན་པ་རྒྱལ་པོའི་སྔོན་ནས་ཁྱོད་ཁྲོ་ཐུང་གི་སྐྱག་རྫུན་མ་ལབ། སེང་ གེའི་སྔོན་ནས་སྤྲེའུ་རྩེད་མ་འཕེན། ཁྲོ་ཐུང་ཝ་མོ་རྔ་ཐུང་མ། སྡེ་ཧོར་གླིང་འཁྲུག་པ་བྱེད་ཉིན་ལ། བུ་ཁྱོད་ལ་དཔའ་ཁ་ཅི་ཡོད་ཤེས།ཁྱོད་ཝ་མོའི་དཔའ་གཏམ་བཤད་རྒྱུ་དེས། ང་བཙོན་མའི་སྙིང་རྩ་འཁྲུག་ནས་བྱུང༌། ཕོ་ཁྱོད་ལ་ཅི་ཡོད་ང་ཡིས་ཤེས། ཁྱོད་མི་འདུག་རང་མགོ་གཅོག་བྱེད་ཡིན།ཁྲོ་ཐུང་སྐད་རྩ་འདར་བཞིན ཁྲོ་ཐུང༌། ཤན་པ་ཁྱོད་ཡག་པོ་སྡོད་དང་བཟང༌། མི་འདུག་ན་ཁྲིམས་ཀྱི་ཆད་པ་ནན་མོ་ཞིག་གཅོད་ངེས་ཡིན། ཨེ་གོ་ཐལ། ཤན་པ། ཁྱོད་དེ་རིང་རང་ཚོད་བཟུང་ན་དགའ། ང་འདོག་ས་ཕ་བོང་གཡག་ རོ་ཙམ། འདི་གཏོར་ན་ཆག་གྲུམ་ཐལ་ལེ་རེད། ང་འདོག་བྱེད་ལྕགས་ཐག་འདོམ་དགུ་འདི། འདི་གཏོར་ན་ཨ་ལུང་རང་ཞིག་ཡིན། ཁྱོད་ཁྲོ་ཐུང་རང་ཚོད་མ་ཟིན་ན། ང་ཤན་པའི་དཔུང་ཤ་འཕགས་ནས་བྱུང༌། ཕོ་རྒོད་པོ་ཡིན་ན་ད་ཤོག་ཡ།ཞེས་སྟངས་སྟབས་ཕུད་བཞིན་ཤོར་རྩིས་བྱས་པས་ཁྲོ་ཐུང་སྐྲག་ནས

ཁྲོ་ཐུང༌། ཁྱོད་ཡག་པོ་མི་འདུག་ན་གེ་སར་དཔོན་ལ་ཞུ་ངེས་ཡིན། ཟེར་བཞིན་འདར་འདར་ལྷབ་ལྷབ་ཀྱིས་བྲོས།དེར་ཐང་རྩེ་གཡུ་འབྲུག་དེས་ཤན་པ་ལ་་བརྙས་བཅོས་བྱེད་པ་མཐོང་ནས་སྐྱོ་བའི་ངང་ནས།ཐང་རྩེ། མེ་རུ་རྩེ་ལགས། ཤན་པས་ཐང་རྩེ་གཡུ་འབྲུག་རིག་ནས། ཤན་པ། ཐང་རྩེ་གཡུ་འབྲུག་ལགསཕན་ཚུན་གྱིས་མགུལ་ལ་འཁྱུད། ཤན་པ། ‘‘དཔོན་ངན་ཁྲོ་ཐུང་རྒྱལ་པོ་དེས་ང་བཙོན་པ་རང་ལ་སྒུར་དུུ་མི་འཇུག་པས་ཁྱེད་ཀྱིས་གེ་སར་དཔོན་ལ་ང་ཤན་པའི་གླུ་འདི་ཞུ་རོགས།གླུཁོ་རེ་ཐང་རྩེ་གཡུུ་འབྲུག་ལགས།།གེ་སར་དཔོན་ལ་འདི་ལྟར་ཞུས།། གླིང་རྒྱལ་པོའི་བཀའ་ཁྲིམས་ལོས་བརྩི་དང༌།། སྡུག་ཁྲོ་ཐུང་བརྙས་བཅོས་ཁུར་དོན་མེད།། ང་སྡོད་དབང་མེད་པའི་ཚིག་གྱོང་དང༌།། སྒུར་དབང་མེད་པའི་རྡུང་རྡེག་བྱས།། ངས་དཔོན་ངན་ཁྲོ་ཐུང་རྒྱལ་པོ་ལ།།རྣོན་པོའི་མཚོན་ཁ་མི་སྐོར་ལགས།། སྲ་མོའི་ཁྲབ་རྨོག་མི་གྱོན་ལགས།། རྐྱེན་པོའི་མདའ་ཁ་མི་སྐོར་ལགས།། ཁྲོ་ཐུང་དཔོན་དང་ཤན་པ་གཉིས།། སོ་དང་སེན་མོ་རྡེབ་རེས་གཅིག།།ཤ་རྒོད་དཔུང་པ་འགྱོག་རེས་གཉིས།། ཁུ་ཚུར་ཐལ་ལྕག་གཞུས་རེས་གསུམ།། དེ་ཨེ་ཆོག་རྒྱལ་པོར་ཞུ་རོགས་མཛོད།། ཐང་རྩེ། ‘‘སྡིག་གཅོད་ཤན་པ་མེ་རུ་ལགས། སྤྱིར་ངང་རིང་མོ་བྱས་ན་འབུ་བུང་བ་ཡིན་ཀྱང་རྒྱལ་ཁམས་འགྲིམ་ཐུབ་ལ། ཚད་ཐུང་ཐུང་བྱས་ན་གསེར་ ཐག་ཁྲ་མོ་ཡིན་ཡང་ཆད་འགྲོ་མོད། ཁྱོད་དང་ང་རང་གཉིས་ནི་ཧོར་གུར་དཀར་རྒྱལ་པོའི་ནང་བློན་དང་ལས་སྐྱིད་སྡུག་གཤིབ་པའི་གྲོགས་པོ་ཡིན་པས་ཁྲོ་ཐུང་རྒྱལ་པོའི་ཁྱོད་ངོ་མ་སྒུར་དུ་མི་འཇུག་ན་ངའི་གེ་སར་དཔོན་ལ་ཡར་ཞུ་བྱེད་འོང༌། ཤན་པ། ‘‘ འོ་ན་ཐང་རྩེ་གཡུ་འབྲུག་ཁྱེད་བཀའ་དྲིན་ཆེ། སྟང་སྟབས་མ་འགྱུར་བར་གློག་འོད་བསྡུས།

འཁྲབ་ཡོལ་འཐེན།

ཀློག་གྲངས།:[178]

ཀློག་གྲངས།:[2387]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com