སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་རགས་བསྡུས།

གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་རགས་བསྡུས།

མ་རུང་བདུད་ཀྱིས་རྒོལ་བའི་སྤྲིན་ནག་གིས། །

སྐྱེ་འགྲོའི་བདེ་སྐྱིད་སྣང་བ་འགོག་པ་ལ། །

འཐོར་བྱེད་བསྐལ་བའི་རླུང་ནག་གེ་སར་རྗེ། །

དཔའ་བོའི་སྙིང་སྟོབས་ལྡན་ཁྱོད་རྣམ་པར་རྒྱལ། །

གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་བདག་དོན་གཞན་སྐྱོང་གི་དཔའ་བོར་བསྟོད་བསྔགས་བྱེད་པའི་ལྷ་སྒྲུང་སྙན་རྩོམ་རིང་མོ་ཞིག་ཡིན། ལྷ་སྒྲུང་གི་ནང་དུ་མི་དམངས་ཀྱི་དོན་དུ་དགྲ་བཏུལ་བའི་བརྗོད་བྱ་གསལ་ལ། ཡིད་འཕྲོག་པའི་ཉམས་འགྱུར། ངོ་མཚར་བའི་ནང་དོན་བཅས་ཚང་པས་རྒྱ་ཆེའི་མང་ཚོགས་ཀྱིས་དེ་ལ་བལྟ་འདོད་པ་དང༌། ཉན་སྤྲོ་བ། བོད་ཀྱི་རིག་གནས་ནང་རྒྱུན་ཁྱབ་ཅིང་འབྲེལ་ཆགས་པའི་དམངས་ཁྲོད་ཀྱི་རྩོམ་རིག་ཅིག་ཀྱང་ཡིན། གེ་སར་རྒྱལ་པོ་ནི་སྟེང་ཕྱོགས་ལྷ་ཡི་བུ་ཞིག་གིས་རང་གཅིག་པུ་ལྷ་ཡི་བདེ་སྐྱིད་ལ་མ་སེམས་པར། འཇིག་རྟེན་མི་ཡུལ་དུ་བདུད་དང་མ་རུང་བ་རྣམས་ཀྱིས་དབང་དུ་བསྒྱུར་ནས་གདུག་པའི་བྱ་སྤྱོད་རྩུབ་མོས་སྐྱེ་འགྲོ་ཡོངས་ལ་འཚེ་ཞིང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མི་སྟེར་ཚེ། མི་དམངས་སྡུག་བསྔལ་ལས་སྐྱོབས་པའི་བཙན་པོ་རྡུང་བའི་ཐོ་བ། ཉམས་ཆུང་སྐྱོང་བའི་ཕ་མ། མི་ཡུལ་གྱི་སྤྱི་དོན་སྒྲུབ་པའི་འགོ་ཁྲིད་དུ་མངགས་པ་རེད། དེ་ལྟར་མི་ཡུལ་དུ་འཁྲུངས་པའི་མི་བུ། དམངས་ཚོགས་ལ་སྙིང་ཉེ་བའི་དམངས་ཀྱི་བུ་ཕྲུག་གེ་སར་ཁོང་འཁྲུངས་ཡུལ་ནི་ཁྲ་མོ་གླིང་དཀར་སྟོད་ཀྱི་ལྕི་སོའི་ཡག་གི་ཁ་མདོ་ཡིན། དེ་ཡང་གེ་སར་ཟེར་བ་དེ་ལོ་རྒྱུས་ཀྱི་སྒྲུང་གཏམ་ཁོ་ན་ཞིག་མ་ཡིན་ལ་མི་དངོས་ཡོད་པར་མངོན་ཏེ་འཁྲུངས་པའི་ས་ལྕི་སོའི་ཡག་གི་ཁ་མདོ་ནི་སྡེ་དགེའི་རྫ་ཁོག་ཏུ་ཡིན་པར་མ་ཟད། ཇོ་རུས་གནམ་འདྲེ་བྱ་ནག་བཏུལ་དུས་བྲག་ཆུང་ཞིག་གི་སྟེང་དུ་བཞུགས་པའི་སྐུ་རྗེས་སྒོམ་པ་ར་ཙ་ཁོ་རང་འདུག་སའི་བྲག་ཕུག་གི་ནང་དུ་བཙུད་དེ་བཏུལ་རྗེས་ཁྲོ་ཐུང་སྒྱུ་འཕྲུལ་གྱིས་ནང་དུ་སོང་བས་ཕྱིར་མ་ཐར་ཚེ་ཇོ་རུས་རྫུ་འཕྲུལ་གྱིས་བྲག་སྒོ་ཅུང་ཟད་ཕྱིར་འཐེན་པའི་རྟགས་བཅས་གསལ་པོ་ཡོད། རྒྱ་ཚའི་དངུལ་ཆུ་ཁྲོ་རྫོང་སྡེ་དགེའི་ལྕགས་རར་ཡོད་པ་དང་མཁར་ཞིག་པའི་རྨང་གཞི་ད་ལྟའང་ཡོད། འདན་མའི་མཁར་ཀ་ཕུ་ཤུག་ར་གཉིས་ཀྱི་བར་ན་ཡོད་པ་གླུ་ཚིག་ནང་ལྟར་འདུག་པ་སོགས་ཀྱིས་གསལ་བར་མངོན། དེ་ལྟར་མཐུན་སྒྲིལ་དང་གཅིག་གྱུར་ལ་དགའ་བའི་ཇོ་རུ་སྐུ་འཁྲུངས་ནས་བཟུང་བདུད་རིགས་རྣམས་དམ་ལ་བཏག། དངོས་དང་བརྒྱུད་ནས་རྒོལ་བ་རྣམས་ཟིལ་གྱིས་མནན། མི་མེད་ཡུལ་ལུང་སྟོང་པ་ཧོར་སེར་ཇག་པའི་འགྲིམ་ལམ་རྨ་ཁོག་ཏུ་ཡུལ་ཕུད་ཀྱང་ཉམས་ང་མེད་པར་ཨར་ཇག་གདུག་པ་ཅན་དཔའ་སྟོབས་གྱིས་ཚར་བཅད། རྒྱ་བོད་མཐུན་སྒྲིལ་གྱི་ཚོང་མགྲོན་འགྲོ་ལམ་ཕྱེས་ཏེ། རྩྭ་ཐང་བརླགས་པའི་བྲ་བ་རྫུ་འཕྲུལ་གྱིས་གནས་ནས་བསྐྲད། རྨ་ལུང་རི་ཐང་ཀུན་ཏུ་རྩི་ཤིང་དང་མེ་ཏོག་རྒྱས། དེ་སྐབས་ཁ་བས་གླིང་ཡུལ་མནན། ཕྱུགས་དཀར་ནག་གིས་རྩྭ་ཆུ་མི་རག གོས་མེད་གྲང་ལྷགས་ཀྱིས་མནར། མི་ནོར་ཀུན་ཅི་བྱ་གཏོལ་མེད་དུ་གྱུར་ཚེ་གླིང་གེ་སར་རྒྱལ་པོས་གླིང་དཀར་གྱི་མགོ་ཁྲིད་བྱས་ཏེ་གླིང་སྡེ་རྨ་ཡུལ་དུ་དྲངས། རྨ་ཤོད་ལ་སོ་ནམ་བྱས། འབྲུ་དྲུག་གི་གཏེར་ཁ་རྡོལ། ས་ལ་རྩི་ཐོག་རྒྱས། ནོར་རྟ་ལུག་གི་ཁྱུ་འཕེལ། གླིང་དཀར་བདེ་ལ་བཀོད། བར་སྐབས་ཁྲོ་ཐུང་གིས་གླིང་ལ་དབང་བསྒྱུར་བྱས་ཏེ། མཐུན་སྒྲིལ་དང༌། གཅིག་གྱུར་ལ་གཏོར་བཤིག་དང་ཁ་བྲལ་གཏོང་རྒྱུའི་རེ་ངན་འཆང་ཚེ། གེ་སར་ཁོང་གིནི་ལྷའི་སྤྲེའུ་ལྟར་སྤྲུལ་བསྒྱུར་ལ་མངའ་བརྙེས་ཤིང༌། དཔའ་ཆེན་ཡུའུ་ལི་ཆི་སི་ལྟར་སྐྱོབས་པའི་ལྷ་ཡིན་པས། ཁྲོ་ཐུང་མགོ་བསྐོར་ནས། གླིང་དཀར་ཕུ་ནུ་ཚོས་རྟ་མགྱོགས་པའི་བང་གཤིབས་ཏེ། སུ་མགྱོགས་ལ་གླིང་དཀར་མི་དམངས་ཀྱི་དབང་ཆ་གཏད་རྒྱུའི་གྲོས་ཐག་བཅད། མགྱོགས་པའི་རྒྱུག་གཤིབ། དམར་པོའི་རྒྱན་བརྩད། གེ་སར་གྱི་རྟ་ཕོ་རྐྱང་རྒོད་འཕེལ་པོས་མགྱོགས་དར་བླངས་ཏེ་ཇོ་རུ་ནི་གླིང་གེ་སར་རྒྱལ་པོ་ཞེས་གླིང་དཀར་པོའི་གྲོས་བརྒྱའི་མགོ་བོ་བསྡུ་མི། བློ་བརྒྱའི་ཁོག་ཐག་གཅོད་མི། མི་དམངས་ཀྱི་མགོ་འཛིན་བྱེད་མཁན་ཏུ་གྱུར་པ་རེད། མ་རུང་བདུད་རིགས་རྣམས་ནི་གདུག་རྩུབ་ཀྱི་བསམ་སྦྱོར་ཚེར་ལྟར་གཟེངས་ཤིང༌། གསོད་བཅོམ་བརྡུང་གསུམ་གྱིས་མི་དམངས་རྣམས་སྡུག་བསྔལ་གྱི་དོང་དུ་འཕེན་འདོད་པ་ཤ་སྟག་རེད། གེ་སར་རྒྱལ་པོ་ནི་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྤྱི་བསམ་གཏོང་མཁན་གྱི་དཔའ་བོ་ཞིག་ཡིན་པས། གླིང་དཀར་པོའི་མི་སེར་ལ་གང་འདོད་པའི་བསམ་དགུའི་རེ་བ་བསྐོང་བའི་ནོར་བུར་གྱུར། དཔའ་སྟོབས་རྫུ་འཕྲུལ་ལྡན་པའི་གེ་སར་རྒྱལ་པོའི་བཀོད་ཁྱབ་འོག དཔའ་ཐུལ་དཔུང་དང་བཅས་པས་འཇིགས་རུང་གཡུལ་གྱི་བཀོད་པས་འདན་འབྲུ་དཀར་ཡུལ་གྱི་ནས་སོགས་འབྲུ་སྣ་ལྔའི་གཏེར་ཁ་གླིང་ལ་དྲངས། རང་ཕན་གཞན་གནོད་ཀྱི་ཡུལ་སྡེའི་མགོ་དཔོན་ཆམས་ལ་ཕབ། མི་དམངས་ཀྱི་དོན་དུ་ལུས་སྲོག་ལ་ལྟོས་པ་མེད་པའི་དཔའ་བོ་གཡུལ་དུ་འཇུག་པ་ལ་སྲ་བའི་གོ་ཁྲབ་དགོས་ཕྱིར། ཨ་བསེའི་ཁྲབ་རྫོང་ཕབ། ཉམས་ཆུང་བཙན་ཤེད་ཀྱིས་གནོན་པའི་དཔའ་འདོད་དཔུང་པ་བཅོམ། རྒོད་འདོད་ཆམ་ལ་ཕབ།

༈ གཞན་དོན་བརྩོན་པའི་སྙིང་སྟོབས། ཕས་རྒོལ་འཇོམས་པའི་དཔའ་རྩལ། ཐབས་ལ་མཁས་པའི་བློ་གྲོས་དང་ལྡན་པའི་རྒྱལ་པོ་གེ་སར་རྒྱ་ནག་ཏུ་ཕེབས་ཏེ་གྱ་ནོམ་པའི་འབུལ་བ། ཡིད་འཕྲོག་པའི་གཏམ་བཟང༌། ངོ་མཚར་བའི་རྫུ་འཕྲུལ་སོགས་ཀྱིས་དབང་དུ་བསྡུ་བ་དང་ཟིལ་གྱིས་གནོན་པའི་ཐབས་མཁས་ཀྱི་སྒྱུ་ཐབས་ལ་བརྟེན་ནས་རྒྱ་ནག་པོའི་ཇ་རྫོང་ཕབ། གླིང་དཀར་བདེ་ལ་བཀོད།

༈ ལྕགས་མོའི་མི་ཟན་དུང་མགོ་བདུད་སྲིན་རྡེབ་པའི་བུ་རྒྱུད། ཤ་ཁྲག་གི་དྲི་ཚོར་ན་མི་བཟོད་པའི་རྐན་སྒྲ་རྡེབ་པ། གསོད་གཅོད་ཀྱི་ལས་ལ་བརྩོན་ཞིང་འགྲོ་བ་སྡུག་ལ་སྦྱོར་བ་དེ་གེ་སར་རྒྱལ་པོ་འགྲོ་བ་ཡོངས་ལ་བརྩེ་བའི་སྤྱི་རྗེ། དཔའ་རྩལ་སྟོབས་འཕྲུལ་ལྡན་པའི་དམག་དཔོན་དེས་རྒྱལ་བློན་དཔུང་སྡེབ་ཀྱིས་མི་ཟན་མདའ་ལ་དྲངས། འཁོར་བདུད་རིགས་ཐམས་ཅད་བཏུལ། འབྲི་རྫོང་གཡང་དུ་བླངས། ཉེས་མེད་ཀྱི་མི་རྣམས་སྲོག་གི་འཇིགས་པ་ལས་བསྐྱབས་པ་རེད།

༈ ཕོ་བདུད་ཀླུ་བཙན་རྒྱལ་པོ་ནི་བསམ་ངན་གྱི་དུག་ཆུ་འཁོལ། སྦྱོར་ངན་གྱི་མཚོན་ཆ་གཟེངས་ཤིང༌། ཁ་རླངས་དུག་གི་ན་བུན་གྱིས་མི་དམངས་བསྒྲིགས། མ་བརྡུངས་ལྕགས་ཀྱི་རྭ་ཅོས་མི་སེར་གྱི་དོན་སྙིང་འཛེར། འཇིགས་གཟུགས་སྤར་མོ་གདེངས་བས་མི་མང་བརྒྱ་སྟོང་མང་པོ་འགལ་རྐྱེན་ཐོས་ན་སྙིང་འདར། རིག་ན་བླ་འཁུམ་པའི་མི་དམངས་ཀྱི་སྤྱི་དགྲ་དེ་དང་ཁྲོ་ཐུང་མཉམ་འབྲེལ་བྱས་ཏེ་གླིང་དཀར་སྡུག་ལ་སྦྱར་ཚེ། གེ་སར་རྒྱལ་པོ་ཁོང་མི་དམངས་ཀྱི་དོན་དུ་ལུས་སྲོག་ལ་མི་ལྟོས་པར་བྱང་མི་མེད་བདུད་ཀྱི་ས་ཆར་མི་རྟ་ཁེར་འགྲོས་ཀྱིས་ཕེབས་ནས་དཔའ་སྟོབས་རྫུ་འཕྲུལ་གྱི་སྒོ་ནས་བདུད་ཀླུ་བཙན་ཐོད་མདའ་སྤྲད་ནས་དབང་དུ་བསྡུས། ས་གསུམ་གང་བའི་སྤྲུལ་པའི་དམག་གིས་བདུད་དམག་རྣམས་ཚར་བཅད། གླིང་སྡེ་རྣམས་བདུད་ཀྱིས་གསོན་ཟ་བྱེད་པའི་འཇིགས་པ་ལས་བསྐྱབས།

༈ དེའི་ཤུལ་དུ་ཧོར་བདུད་གུར་དཀར་རྒྱལ་པོ་རྐུན་ཇག་གཉིས་ཀྱི་ཕུག་འདུག་གསོད་གཅོམ་གཉིས་ཀྱི་མགོ་འཛིན། མི་དམངས་ལྟག་པའི་གཉའ་ཤིང་དེས་འབྲུག་མོ་སྒེར་བདག་བྱེད། གླིང་དཀར་གཡོག་ཏུ་བཀོལ་འདོད་ཀྱི་ངན་སེམས་སྐྱེས་ཏེ། དམག་འབུམ་ཚོ་མང་པོས་གླིང་ལ་བཙན་འཛུལ་བྱེད་བཅུག ཁྲོ་ཐུང་ཧོར་དང་མཉམ་འབྲེལ་བྱས་ནས་ཕྱི་སྣ་ནང་ཁྲིད། ཆར་སྣ་རླུང་ཁྲིད་ཀྱིས་གཞན་དོན་དུ་ལུས་སྲོག་གཏོང་བའི་དཔའ་ཆེན་རྒྱ་ཚ་ཞལ་དཀར་སོགས་དགྲོངས། འབྲུག་མོ་དང་བསོགས་པའི་རྒྱུ་ནོར་འཕྲོག བཞེངས་པའི་མཁར་བཤིག གླིང་དཀར་ཉེས་མེད་སྡུག་ལ་སྦྱར་ཚེ། གླིང་གེ་སར་ཁོང་མི་དམངས་ཀྱི་དཔའ་སྟོབས་དང་བློ་གྲོས་གཅིག་ཏུ་བསྡུས་པའི་སྤྲུལ་པའི་གར་མཁན་ཡིན་ཕྱིར། དཔུང་མེད་མི་རྟ་གཅིག་པུར་ཧོར་ལ་དགྲ་ལན་ལེན་དུ་ཕེབས་ཏེ་སྤྲུལ་བསྒྱུར་རྫུ་འཕྲུལ་གྱི་རོལ་མོའི་སྤྲིན་ནག་ནས་ལས་ལ་རྒྱུག་པའི་བཀའ་སྡོད་ཀྱི་གློག་དམར་འཁྱུགས་ཤིང༌། དཔའ་གཏུམ་ཁྲོས་པའི་ངར་སྐད་ཀྱི་འབྲུག་སྒྲས་ས་གསུམ་འགེང་བཞིན་ཕྲིན་ལས་དྲག་པོའི་རྡོ་རྗེའི་ཐོག་ཆེན་གྱིས་ཧོར་བདུད་མ་རུང་གདུག་པའི་བྲག་རི་ལྷག་མེད་དུ་གཏོར་ནས་རྒྱལ་ཁ་ཐོབ། གླིང་དཀར་བདེ་ལ་བཀོད།

༈ འཇང་བདུད་ས་དམ་རྒྱལ་པོ་མི་མིན་སྲིན་པོ་གདུག་ཅན་མི་ཤ་དྲོན་མོ་རྗེན་ཟས། མི་ཁྲག་ཚན་མོ་ཧུབ་འཐུང་བྱེད་པ་དེའི་བློན་བེ་ཐུལ་རྣམས་ཀྱང་ཧམ་ཤེད་ཀྱི་ང་རྒྱལ་ཆེ། དོན་མེད་ཀྱི་འཕྲོག་བཅོམ་ལ་བརྩོན་པས་མི་སེར་མགོ་རྡོག་པས་ཅི་ནོན་ནོན་བྱེད་པ་དེས། གླིང་ལ་དྭ་བུའི་ཚྭ་ཁ་བརྩད། དཔའ་བོ་སྙིང་སྟོབས་ལྡན་པ་གེ་སར་ཁོང་གི་བཀོད་འདོམས་མཛད་དེ་འཇང་གླིང་གཡུལ་འགྱེད་བྱས། ས་དམ་སྙིང་ཁྲག་དཀྲུག བེ་ཐུལ་དམར་གསོད་བྱས། འཇང་དམག་ཡུ་མེད་བཏང༌། འཇང་སྡེ་མངའ་འོག་དྲངས་ནས་མི་དམངས་བདེ་ལ་བཀོད།

༈ ལྷོ་མོན་ཤིང་ཁྲི་བཙན་པོ་གདུག་བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་དང་ང་རྒྱལ་སྟག་ལས་ཆེ། བཙན་ཤེད་དང་དམག་དཔུང་ཚེར་ལས་རྩུབ། ཉེས་མེད་ཀྱི་མི་གསོད། རིན་མེད་ཀྱི་རྒྱུ་འཕྲོག་མི་དེས་གླིང་སྟག་རོང་གི་ཚོང་བ་འཕྲོག ཐར་བའི་ཟོར་རྣ་བསད། ཁྲོ་ཐུང་གིས་དགྲ་ལན་འཕྲོད་ན་མོན་བཟའ་མེ་ཏོག་ལྷ་མཛེས་ལོན་འོང་སྙམ་པའི་དམིགས་ཡུལ་བཟུང་ནས། སྟག་རོང་གི་དམག་སོང་བས་ཁྲོ་ཐུང་ཕམ། སྟག་རོང་སྡེ་བ་ཅི་བྱ་མེད་པར་གྱུར་སྐབས། མི་དམངས་ཀྱི་དོན་ལ་ནམ་ཡང་སྙིང་སྟོབས་ཞུམ་པ་མེད་པའི་གེ་སར་ཁོང་དང་དཔའ་སྟོབས་ལྡན་པའི་དཔའ་ཐུལ་དཔུང་བཅས་སྡེབས་པའི་གཡུལ་འགྱེད་བྱས་མཐར་བདུད་ཀྱི་རྨུ་སྐས་བཅད། ཤིང་ཁྲི་མདའ་ལ་དྲངས། སྐུ་ལྷ་གསོན་བཟུང་བྱས། ཨ་གྲགས་མཚོན་གྱིས་གཏུབ། མོན་སྡེ་མངའ་འོག་དྲངས་ནས་རྒྱལ་ཁ་བླངས།

༈ ཡང་ཁྲོ་ཐུང་འདོད་པའི་ཆང་གིས་མྱོས་པ་ནམ་ཡང་དྭངས་རྒྱུ་མེད་པས་འདན་མའི་བུ་མོ་ལ་དམིགས་ནས། སྟག་གཟིག་གི་བྱ་རྟ་རླུང་གཤོག་རྐུ་མི་མངག སྟག་གཟིག་གི་ར་མདའ་དཔུང་ཐོག་བབ་ཀྱིས་སྟག་རོང་གི་རུ་བ་བརླགས། སྟག་རོང་མི་ཚོ་དམར་མོས་འཐབ་པའི་ཡ་མ་ཟིན། སྡོད་པའི་ཐབས་མ་རྙེད་ཚེ། ཕྱི་དགྲ་རྡུང་གི་ཐོ་བ། ནང་རེ་སྐོང་གི་ནོར་བུ་ལྷ་སྲས་མི་ཡི་རྗེ་གེ་སར་ཁོང་དང་སྐུ་ཚབ་མུན་སེལ་ཉི་མ་གླིང་མི་དམངས་སྐྱོང་བའི་ཕ་མ་དགྲ་ལྷ་རྩེ་རྒྱལ་གཉིས་ཀྱིས་སྤྱི་ཁྱབ་བཀོད་འདོམས་འོག་ཏུ་སྟག་གླིང་གཡུལ་འགྱེད་བྱས་མཐར་གདུག་ཅན་སྟག་གཟིག་གི་བྱེ་ཕུང་དཔའ་སྟོབས་གླིང་དཔུང་གི་ཆུ་བོས་རྗེས་མེད་དུ་བཏང་ཞིང༌། ནོར་རྫོང་གླིང་ལ་ཕབ། དབུལ་བོ་ནོར་དང་འཕྲད། རི་ཐང་ཕྱུགས་ཀྱིས་གང་ནས་མརཆུར་གྱི་གཏེར་ཁ་ཕྱེས། མི་དམངས་བདེ་ལ་བཀོད།

༈ སོག་གྲི་བཙན་རྒྱལ་པོས་ལོག་སྤྱོད་བཙན་ཤེད་ཀྱིས་སྟག་གཟིག་གི་རྒྱབ་ནོན་བྱས་ཏེ་གླིང་ལ་ཚུར་རྒོལ་བྱས། གེ་སར་རྒྱལ་པོས་དམག་གི་སྒྱུ་ཐབས་ལ་མཁས་ཤིང༌། དཔའ་ཐུལ་དམག་མང་གི་བརྩི་འཇོག་གུས་བཀུར་ལྡན་པས་སོག་གླིང་གཡུལ་འགྱེད་བྱས། གྲི་བཙན་རྒྱལ་པོ་བསྒྲལ། འགྲན་འདོད་ཆམ་ལ་ཕབ། ཕས་ཀྱི་གཡུལ་ངོ་བཟློག་ཅིང་སོག་སེར་པོའི་རྟ་རྫོང་ཕབ། གླིང་ལ་རྟ་འགྱེད་བཏང༌། ཤུལ་རིང་ལམ་དུ་རྐང་གིས་འགྲོ་བའི་དཀའ་ངལ་སེལ། གང་འདོད་ཡུལ་དུ་ཕྱིན་ཐུབ་པའི་དངོས་གྲུབ་བླ་ན་མེད་པ་ཐོབ།

༈ དེ་ནས་ཨ་གྲགས་རྒྱལ་པོས་རང་ཆེ་ང་རྒྱལ་གྱིས་རྒྱུད་འཁྲུགས། རང་འདོད་ངན་དབང་གིས་དམག་བསྡུས། ཉམས་ཆུང་ཉེས་མེད་མནར་བ་ལ། རྒྱ་ཆེའི་མང་ཚོགས་ལ་གཅེས་པའི་བུ་བཞིན་བརྩེ་བའི་གེ་སར་རྒྱལ་པོས་དམག་གི་སྒྲིག་བཀོད་བྱས་ཏེ་གཡུལ་བཤམས་ནས་ཨ་གྲགས་དབང་དུ་བསྡུས། ང་རྒྱལ་གྱི་རི་བོ་བསྙིལ། ངན་ཤེད་ཀྱི་སྟོབས་འཕྲོག ཁྲ་བོའི་གཟི་རྫོང་བླངས། མི་དམངས་བདེ་ལ་བཀོད།

༈ བྱེ་རུ་སྟག་རྩེ་རྒྱལ་པོ་མགོ་འཕང་མཐོ་འདོད་ཀྱི་རུ་ཐུར་ངོམས་མཁན། དཔའ་རྒོད་འདོད་ཀྱི་རྐན་སྒྲ་རྡེབ་མཁན། མི་དམངས་ལ་མི་ལྕོག་པའི་ཁྲལ་གྱི་ཁུར་བོ། མི་འདོད་ཁྲིམས་ཀྱི་རི་མོ་འབྲི་མཁན་དེས་གླིང་དཀར་ལ་འཁྲུགས་པ་བསླངས། གླིང་གེ་སར་རྒྱལ་པོ་བདུད་སྡེ་བརླག་པའི་གཤེད་མ། བཙན་རྫོང་གཏོར་བའི་ཐོག་ཆེན། མ་ནུས་ཉམས་ཆུང་གི་སྲོག་ཁེབ་དེས་ཁྲ་མོ་དམག་གི་རུ་བཀོད་བྱས་ཏེ་བྱེ་གླིང་གཡུལ་འཁྲུགས་བྱས། སྟག་རྩེ་རྒྱལ་པོ་བསྒྲལ། བདུད་རིགས་གཉའ་ནས་མནན། བྱེ་རུ་རྫོང་སྒོ་བླངས། གླིང་དཀར་བདེ་ལ་བཀོད།

༈ ཡང་ཁོ་ཁྲོ་ཐུང་གིས་ཞང་ཞུང་རྒྱལ་པོའི་ཚོང་བ་བཅོམ། ཚོང་ཟོག་འཕྲོག་པའི་ལན་དུ་ཞང་ཞུང་གིས་དམག་ཕབ། ཁྲོ་ཐུང་གི་རྒྱུ་རྫས་ཡོད་དགུ་འཕྲོག སྟག་རོང་སྡེ་པ་བརླགས་པའི་རྐྱེན་ལས་འཁྲུགས་པ་བསླང༌། གེ་སར་རྒྱལ་པོ་དཔའ་བོའི་སྙིང་སྟོབས་མཁས་པའི་བློ་གྲོས། རྫུ་འཕྲུལ་གྱི་སྤྲུལ་བསྒྱུར་དང་ལྡན་པའི་དབུ་ཁྲིད་འོག གླིང་དམག་གི་ཁ་ལོ་བསྒྱུར་ཏེ་ཞང་གླིང་གཡུལ་འགྱེད་བྱས། མི་དམངས་ཀྱི་དོན་དུ་རང་སྲོག་བློས་གཏོང་བར་མི་འཇིགས་པའི་དཔའ་ཐུལ་དམག་དཔུང་དང་བཅས་པས་དཀའ་སྤྱད་འབད་པ་ཆེན་པོས་ཡུན་རིང་འཁྲུགས་པས་མཐར་སྟག་ཐུལ་རྣམས་བཏུལ། ཞལ་རྒྱལ་ལྷུན་འགྲུབ་གྲགས་པ་འབྱུང་བཞིར་རང་དབང་ཐོབ་པ་ཡང་གེ་སར་གྱི་དཔའ་རྩལ་གྱིས་ཆམ་ལ་ཕབ། རྒྱུ་རིན་ཆེན་མུ་ཏིག་གི་རྫོང་ཆེན་ཕབ། བདུད་ཀྱི་གཡུལ་ལས་རྒྱལ། གླིང་པ་བདེ་ལ་བཀོད།

༈ ཁ་ཆེའི་ཁྲི་བརྟན་རྒྱལ་པོ་བསམ་ངན་དུག་གི་སྡོང་པོ་ལ་སྦྱོར་ངན་དམག་འཁྲུགས་ཀྱི་ལོ་འདབས་རྒྱས་པ་དེ་ཉེས་མེད་ཉམས་ཆུང་བཅོམ་པའི་ང་རྒྱལ་གྱི་རླུང་གིས་བསྐྱོད་ནས་གླིང་དཀར་དབང་དུ་བསྒྱུར་འདོད་ཀྱིས་བཙན་འཛུལ་བྱས་པས། སྐྱེ་འགྲོའི་བདེ་སྐྱིད་ཀྱི་དོན་དུ་འཆི་ལ་མི་སྐྲག དཀའ་ངལ་ལ་མི་འཚེར་བའི་ཕུལ་བྱུང་གི་སྙིང་སྟོབས་དང་ལྡན་པའི་རྒྱལ་པོ་གེ་སར་ཀྱིས་དམག་གི་མགོ་འཛིན་བྱས་ཤིང་དཔའ་ཐུལ་དཔུང་དང་བཅས་པས་ངར་རྒོད་ཆེ་བའི་རྡ་ར། རྣོ་དབལ་ཚ་བའི་ལི་གྲིའི་གདོང་ལེན་བྱས་ཤིང་གཡུལ་འཐབ་བྱས་མཐར། གེ་སར་རྒྱལ་པོའི་དཔའ་མཛངས་ཀྱི་ཐོག་གིས་ཁ་ཆེའི་ཁེངས་དྲེགས་ཀྱི་བྲག་རི་བསྙིལ། རྔམས་ཆེན་རྒོད་ཚང་གཏོར། ཁྲི་བརྟན་རྒོད་ཕྲུག་བཅོམ། འབངས་འཁོར་གྱི་སྒྲོ་གཤོག་གླིང་དཀར་མདའ་མོའི་རྒྱན་དུ་བླངས། དྲུག་དཀར་གཡུ་ཡི་གཏེར་ཁ་ཕྱེས། སེར་བོ་གསེར་གྱི་མཛེས་རོགས་དང་འཛམ་གླིང་བུ་མོའི་རྒྱན་ཆར་བྱས།

༈ དེ་ནས་གྲུ་གུ་ཐོག་རྒོད་རྒྱལ་པོ་དེས་དཔུང་བཙན་བུ་རྟ་རྒོད་འདོད་ཀྱི་ཧམ་ཤེད་ཀྱིས་བོད་ཉེས་མེད་བཅོམ་པའི་བློ་སྐྱེས་ཏེ་དམག་བསྡུས། དབུས་གཙང་ཡུལ་གྱི་རྟེན་མཆོག་ཇོ་བོ་དཔུང་གིས་འཕྲོག་པའི་སྦྱོར་བ་རྩུབ་མོའི་མེ་དཔུང་སྦར་བས་བོད་ཡུལ་བདེ་སྐྱིད་ལྗོན་པ་བསྲེག་ཉེར་གྱུར་ཚེ། གེ་སར་ཐུགས་རྗེའི་གངས་རི་གཞན་ཕན་སྙིང་སྟོབས་ཆེན་པོའི་དྲོད་ཀྱིས་བཞུས་པ་ལས་དཔའ་རྩལ་འཕྲུལ་ལྡན་གྱི་གླིང་དཔུང་གི་ཆུ་བོ་འཕྱུར་ཏེ་མ་རུང་གྲུ་གུའི་རྒྱལ་པོ་དཔུང་བཅས་ཤུལ་མེད་བཏང༌། སྲ་བའི་གོ་ཆ། རྣོ་བའི་མཚོན་ཆ། བདུད་འདུལ་དཔའ་བོའི་གྲོགས་སུ་མཁོ་བའི་རྫོང་ཆེན་ཕབ།

༈ གེ་སར་རྒྱལ་པོས་བདུད་རིགས་སྐྱེ་འགྲོའི་བླ་ཚེ་ལ་རྔམས་པ་རྣམས་བཏུལ་ཅིང༌། མདའ་ཉག་ཕྲན་གྱི་བསྟན་པ་དར་བར་དགོངས་ཏེ་ལྷོ་ཚ་བ་རོང་གི་སྨྱུག་རྫོང་ཕབ། ཚེ་གཡང་འགུགས་པའི་ལྷ་མདའ། དགྲ་སྲོག་འཇོམས་པའི་མཚོན་ཆ་བྱུང༌།

༈ གཟུགས་ཅན་མི་ཡི་སྲོག་བདུད། མ་རུང་སྲིན་པོའི་རིགས་ཅན། རྔམ་བརྗིད་བྲག་དམར་ཁྱུང་རྫོང་དུ་གེ་སར་རྒྱལ་བློན་དཔུང་བཅས་ཕེབས་ནས་སྟོབས་ཀྱིས་ཁྱུང་རྫོང་གཏོར། ཁྱུང་བདུད་མདའ་ལ་དྲངས། གཤོག་དྲུག་གཡང་དུ་བླངས། ལྷ་མདའ་མྱུར་མགྱོགས་ལྡན་པར་མཛད །

༈ དཔའ་སྟོབས་ལྡན་པའི་གེ་སར། དབུ་ནག་སྐྱོབ་པའི་ལྷ་སྐལ་ཁོང་དཔའ་བོའི་དཔུང་བཅས་ལི་ཁྲིའི་མཚལ་ཐང་དུ་ཕེབས། ནག་ཕྱོགས་རྩད་ནས་བརླག སྐྱེ་འགྲོ་བདེ་ལ་བཀོད། དམར་པོའི་མཚལ་རྫོང་ཕབ།

༈ ལེགས་བྱས་ནོར་འཛིན་གྱི་གཞི་ལས་ཐོན་པའི་གླིང་དཀར་དཔག་བསམ་གྱི་ལྗོན་པ་བདེ་སྐྱིད་ལོངས་སྤྱོད་ཀྱི་ལོ་འབྲས་ཆེར་རྒྱས་པ་ལ་མི་བཟོད་པར། ཕྲག་དོག་གི་དཔུང་བས་སྟ་རེ་གཡུག་འདོད་སྐྱེ་བའི་སྦེ་ར་རྒྱལ་པོའི་དཔུང་གི་སྦྱོར་བ་རྩུབ་པ་ལ། གཞན་ཕན་གཉེར་བའི་ལྷག་བསམ། དགྲ་བོ་འཇོམས་པའི་དཔའ་སྟོབས་དང་ལྡན་པའི་གེ་སར་རྒྱལ་པོས་བརྗིད་པའི་གོ་མཚོན་སྤྲས། མགྱོགས་པའི་རྐྱང་རྒོད་ཆིབས། གཏུམ་པའི་དམག་དཔུང་ཁྲིད་དེ་གཡུལ་བཀྱེས་ཤིང༌། དཔུང་ཆེན་ལྷོ་སྤྲིན་འཚུབ། དཔའ་ཐུལ་གློག་དམར་འཁྱུག མཚོན་ཆའི་ཐོག་ཆར་ཕབ། སྦེ་རའི་རང་འདོད་ཀྱི་བྲག་རི་གཏོར། ལུག་གཡང་དཀར་གྱི་རྫོང་ཆེན་ཕབ། གླིང་ཡུལ་བདེ་ལ་བཀོད།

༈ དེ་ནས་མི་ནུབ་རྨ་བྱ་རྒྱལ་པོ་ཁོའི་རང་ཆེའི་མགོ་འཕང་དགུང་ལས་མཐོ། ལོག་སྤྱོད་ཀྱི་སྟོབས་ཤུགས་གཟའ་ལས་བཙན། གདུག་པའི་དམག་དཔུང་རྩི་ཤིང་ལས་མང༌། སྙེམ་པའི་ང་རྒྱལ་ཆང་གིས་མྱོས། གླིང་དཀར་བསྟན་ཆུས་འཕྲོག་འདོད་བསམ་ངན་གྱི་ཤེད་མོང་བསྐྱེད། ཉེས་མེད་གྲི་རུ་གསོད་པའི་མཚོན་ཆའི་འཁོར་ལོ་འཆང་བའི་དཔུང་གཉིས་འཐུང་གི་ཚོགས་ཀྱིས་གླིང་ལ་བཙན་འཛུལ་བྱས་པའི་ཚེ། གེ་སར་རྒྱལ་པོ་ཕས་ཀྱི་རྒོལ་བར་མི་འཇིགས་པའི་དཔའ་སྟོབས་རྫོགས་ཤིང་དམག་གི་སྒྱུ་ཐབས་ལ་མཁས་པའི་གཡུ་རལ་ངོམས་པ། གཞན་དོན་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསོད་པའི་སྙིང་སྟོབས་ཀྱི་རྩལ་དང་ལྡན་པའི་སེང་གེ་དེས་བདུད་རིགས་སྙིང་ལ་གཟེར་གྱིས་འདེབས་པའི་དམག་དཔུང་གི་མཆེ་སྡེར་བགྲད་དེ་ཕོ་བདུད་རུ་ཊ་མིག་གཅིག་སོགས་ནག་ཕྱོགས་བདུད་རིགས་ཀྱི་གླང་སྨྱོན་ཐམས་ཅད་ཀླད་པ་ཚལ་བརྒྱར་བཀས་ཤིང་དོན་སྙིང་ལྐོག་མར་ཐོན་ནས་ཐལ་བའི་རྡུལ་དུ་བརླག གཡུལ་ལས་རྣམ་པར་རྒྱལ་བའི་གད་རྒྱང་གིས་ས་གསུམ་ཡོངས་སུ་གང༌། གླིང་དཀར་གཙོས་ཐ་གྲུ་ཀུན་ལ་གནས་པའི་མི་དམངས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་བཀོད།

༈ མཐུན་སྒྲིལ་དང་གཅིག་གྱུར་ལ་དགའ་བའི་དཔའ་ཐུལ་བཟང་པོར་བསྟོད་བསྔགས་བྱས། གཏོར་བཤིག་དང་ཁ་བྲལ་གཏོང་བའི་ནང་རུལ་ཁྲོ་ཐུང་ལ་དམའ་འབེབས་དང་ཉེས་ཆད་བཏོན། དབུལ་པོ་ནོར་གྱིས་ཚིམ། ཉམས་ཆུང་འཕྲོག་བཅོམ་ལས་ཐར། དགའ་བདེ་ལྷ་ལ་འགྲན། ལོངས་སྤྱོད་ཀླུ་དང་མཉམ། སྐྱིད་པའི་བྲོ་གར་རྩེ། གུས་པས་སེང་ཆེན་བསྔགས། རྫོགས་ལྡན་གྱི་དཔལ་ལ་འགྲན་པར་མཛད་ནས་མཐར་གླིང་རྗེ་སེང་ཆེན་རྒྱལ་པོ་དང༌། བློན་ཕྱི་ནང་གི་དཔའ་ཐུལ་གཞན་དོན་དུ་ལུས་སྲོག་བཏང་བ་རྣམས་མ་གཏོགས་པའི་ཤུལ་བཞུགས་ཐམས་ཅད་འཛམ་གླིང་ཞི་བདེ་ལྷིང་འཇགས་ཀྱི་མཛད་པ་མངོན་དུ་གྱུར་ཚུལ་དམྱལ་གླིང་རྫོགས་པ་ཆེན་པོ་ལས་བསྟན་པ་ལྟར་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པས་མཇུག་བསྡུས་པའོ། ། གེ་སར་རྒྱལ་པོའི་སྒྲུང་ལ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་དྲུག་ཅུ་ཙམ་ཡོད་ཅིང༌། ད་རུང་དེ་ལ་འདྲ་མིན་མང་པོ་ཡོད་པ་ནི་མི་གཅིག་ཁོ་ནས་དུས་གཅིག་ལ་བརྩམས་མི་སྲིད་ཅིང༌། དུས་རབས་མང་པོར་མི་མང་པོ་ཞིག་གིས་བརྩོན་འགྲུས་ཀྱི་སྟོབས་དང་བློ་གྲོས་ཀྱི་རྩལ་ལས་བྲིས་པར་མངོན་ལ། རྣམ་ཐར་ཉུང་བསྡུས་འདི་ནི་རགས་རིམ་ཙམ་ཞིག་བཀོད་པ་ཡིན་ནོ། །

ལེགས་བྱས་སྐྱེ་འགྲོའི་དཔལ་ལ་མི་བཟོད་པར། །

གཅིག་ཏུ་འཁུ་བ་བསམ་སྦྱོར་གདུག་པའི་མེ། །

གང་གི་མཛད་པ་སྒྱུ་འཕྲུལ་རོལ་མོ་ཡིས། །

ལྷག་མེད་གཅིལ་བའི་ངོ་མཚར་གཏམ་འདི་རྨད། །

ཞི་བ་སྙིང་རྗེ་ཆེན་པོས་ཡོངས་ཁེངས་ཐུགས། །

བདུད་སྡེའི་གཤེད་དུ་འབར་བའི་རྔམས་ཟིལ་གང༌། །

མཐོང་བས་གཤིན་རྗེའང་འདར་བའི་གཡུལ་འགྱེད་ཀྱིས། །

མཐར་གྱི་འབྲས་བུ་འགྲོ་ཀུན་བདེ་བར་བྱས། །

དེ་ལྟའི་དཔའ་བོའི་ལག་རྗེས་བཞག་པའི་ཚུལ། །

འཆད་ལ་ཕྲག་པ་དོག་པའི་མི་བཞི་དེ། །

མཁས་མཛངས་ལྡན་པའི་སྟོབས་ཀྱིས་ཚར་བཅད་པས། །

རིག་རྩལ་མེ་ཏོག་སྣ་ཚོགས་གནམ་འོག་ཁྱབ། །

བློ་གསལ་གཞོན་ནུའི་རྣམ་དཔྱོད་རྟ་ལྗང་གིས། །

ཉེར་དྲངས་གསར་དར་རིག་པའི་ཉིན་བྱེད་ལས། །

དེང་རབས་ཅན་བཞིའི་གཟི་འོད་རབ་འབར་བས། །

བདེ་སྐྱིད་པད་མོ་དགོད་པའི་ཡ་མཚན་རྒྱས། །

(འདི་ཉིད་རྗེ་བཙུན་མ་མདོ་ཟླ་གསལ་དབང་མོ་ལགས་ཀྱིས་རིག་གནས་གསར་བརྗེ་ཡི་རླུང་ནག་ཡལ་ནས་ཡུན་རིང་མ་འགྱངས་པའི་དུས་ཤིག་ཏུ་བྲིས་པར་མངོན། )

ཀློག་གྲངས།:[201]

ཀློག་གྲངས།:[2595]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com